སེར་བྱེས་གཙང་པ་དགེ་བཤེས་ངག་དབང་ཆོས་བཟང་མཆོག་གི་རྣམ་ཐར།

སེར་བྱེས་གཙང་པ་དགེ་བཤེས་ངག་དབང་ཆོས་བཟང་མཆོག་གི་རྣམ་ཐར།
༄༅། །ཕྲན་ཕྱི་ལོ་ ༡༩༣༣ ལོར་ལྷ་རྩེ་དགེ་ཕུ་ཐང་ག་ཞེས་པའི་ཡུལ་དུ་ཕ་ཉི་མ་ཚེ་རིང་དང་། མ་ཟླ་བ་སྒྲོལ་མར་སྐྱེས། ཕྱི་ལོ་ ༡༩༣༥ ལོར་ལྷ་རྩེ་ཆོས་སྡེར་གྲྭ་ཁྲལ་ཁེལ་འདུག དེ་ལྟར་ཁྲལ་བཀའ་བའི་བུ་ཕྲུག་རྣམས་བསྐོངས་ཏེ་ལྷ་རྩེ་ཆོས་སྡེར་དགའ་སྟོན་ཞིག་གནང་འདུག དེ་དུས་ངའི་ཨ་མས་ང་པང་དུ་འཁྱེར་ཏེ་སྟོན་མོར་ཨ་མས་ངའི་ཚབ་བྱས་ཏེ་རོལ་བ་ཤོད་ཡོད།
རང་ལོ་བདུན་ནས་དངོས་སུ་སྒྲིག་ཁོངས་སུ་ཞུགས་ཏེ་ཀ་ཁ་འདོན་ཁ་ཁྲལ་ཆོས་སྤྱོད་སྟོད་སྨད་པོད་གཉིས། རྩ་གཞུང་པོད་གཅིག རྒྱན་འཇུག་གཉིས་བཅས་ཚོགས་དབུས་སུ་རྒྱུགས་འབུལ་ཞུས། རང་ལོ་བཅོ་ལྔ་ལ་མཚན་ཉིད་པའི་གྲྭར་ཞུགས་ནས་རང་ལོ་བཅོ་བརྒྱད་བར་ལོ་ངོ་གསུམ་ཙམ་དགོན་དེར་སློབ་གཉེར་མཛད། རང་ལོ་བཅོ་བརྒྱད་སྟེང་དབུས་ཀྱི་གདན་ས་ཆེན་པོ་སེར་བྱེས་བཙང་པ་ཁན་ཚན་དུ་སྒྲིག་ཞུགས་ཀྱིས་རང་ལོ་ཉེར་ལྔ་བར་ཕར་ཕྱིན་དང་། དབུ་མ་འགོ་ཚུགས་ཙམ་ལ་རྒྱ་གར་ལ་༸སྐྱབས་མགོན་ཆེན་པོའི་ཕེབས་རྗེས་སུ་འགྲོ་རེས་གཞིས་དགོན་དུ་འཁྱུག་ཙམ་ཕྱིན། དེ་ནས་དགོན་པར་གནོད་སྐྱོན་བྱུང་དོགས་དང་། འགྲོ་རོགས་ཀྱང་བློ་འཁེལ་བ་མ་བྱུང་བ་སོགས་ཀྱིས་ལོ་གཉིས་ལྷག་ཙམ་ལུས།
ཕྱི་ལོ་ ༡༩༦༡ ལོར་སེར་བྱེས་མཁན་རབས་དོན་གཉིས་པ་རྗེ་བཙུན་བློ་བཟང་དོན་ཡོད་མཆོག་དང་། རྫོང་རྩེ་སྤྲུལ་སྐུ་མཁས་དབང་བྱམ་པ་ཐུབ་བསྟན། དགེ་བཤེས་བསྟན་འཛིན་རྡོ་རྗེ་བཅས་ཁོང་བཞི་ལྷན་དུ་རྒྱ་གར་ལ་བཙན་བྱོལ་དུ་སླེབས། དེ་ནས་སྦག་སའི་སྒྲིག་ཁོངས་སུ་ཚུད་རེས་ཕྱིན་ཀྱང་མ་ཚུད་པས་ཀུ་ལུར་ཌ་ལ་ཧོ་སིའི་བརྒྱ་ཤོག་ལམ་བཟོར་ལོ་གཉིས་བསྡད། དེ་ནས་སླར་སྦག་སར་ཕྱིན་པས་དེའི་སྒྲིག་ཁོངས་སུ་ཚུད།
ཕྱི་ལོ་ ༡༩༦༩ ལོར་མའི་སོར་གཞིས་ཆགས་ལ་འབྱོར་ནས་ས་ཆ་གཙང་མ་བཟོ་རྒྱུ་དང་། ཁང་པ་འཛུགས་སྐྲུན་གྱི་ཨར་ལས། སྦེ་ཊ་པུར་གྲྭ་ཚང་གི་ཞིང་ཁར་ལས་ཀ་ལོ་གཅིག དེ་རྗེས་གྲྭ་ཚང་གི་བ་ཁང་དུ་བ་ཕྱུགས་འཚོ་སྐྱོང་བྱེད་རྒྱུ་དང་། བཞོན་ལས་ལོ་གཉིས་བྱས། དེ་ནས་དཔེ་མཛོད་ནང་གྲྭ་ཚང་ཡིག་ཆས་མཚོན་པའི་དཔར་ཤིང་གསར་བརྐོ་བྱ་རྒྱུ་སོགས་དཔེ་མཛོད་ཀྱི་ལས་ཀ་ལོ་བཞི་བྱས། དུས་སྐབས་དེ་དག་ཏུ་སློབ་གཉེར་བྱེད་རྒྱུ་མ་བྱུང་བས། དེ་ནས་སློབ་གཉེར་གྱི་འཕྲོ་བསྐྱངས་ཏེ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་བཀའ་རམ་ལོ་གཉིས་དང་། སློབ་དཔོན་ལོ་གཉིས་བཅས་ཀྱི་རྒྱུགས་སྤྲོད་ཨང་དང་པོའི་གྲས་སུ་ཚུད།
ཕྱི་ལོ་ ༡༩༨༢-༡༢-༡༡ ལ་གྲྭ་ཚང་དུ་ལྷ་རམ་དམ་བཅའ་དང་། ལོ་དེའི་ཕྱི་ལོར་འབྲས་སྤུངས་སུ་གདན་གསུམ་སྨོན་ལམ་མཉམ་ཚོགས་སྐབས་ལྷ་རམས་དགེ་བཤེས་ཀྱི་དམ་བཅའ་བཞག ལོ་དེའི་ནང་ནས་དཔེ་མཛོད་ཀྱི་ལས་ཀ་དང་། སེར་བྱེས་སློབ་གྲྭའི་སློབ་དགེ་ལས་ཀ་གཉིས་མཉམ་དུ་ལོ་བཞི་བྱས། ཡང་དཔེ་མཛོད་ཀྱི་ལས་ཀ་བཞག་སྟེ་གྲྭའི་སློབ་ཕྲུག་ཚོར་སྔ་དགོང་གཉིས་ཞལ་འདོན་དང་། ཉིན་མོར་་འཛིན་གྲྭའི་སུམ་རྟགས་སོགས་རིག་གནས་ཁག་ལ་སློབ་འཁྲིད་བྱ་རྒྱུ་བཅས་ལོ་བཞི་བྱས།
ཕྱི་ལོ་ ༡༩༩༣ ལོར་གྲྭ་ཚང་གི་དགེ་བསྐོས་ལོ་གཅིག་བྱས་རིང་སློབ་གཉེར་བ་རྣམས་ཀྱི་བློ་རྒྱུགས་ཡིག་ཐོག་བྲིས་ཏེ་སྤྲོད་དགོས་པའི་ལམ་སྲོལ་དང་། རྩོད་རྒྱུགས་དྲི་ཤོག་འཐེན་ཏེ་གང་ཐོན་ནས་རྟགས་གསལ་གཏོང་དགོས་པའི་ལམ་སྲོལ་བཅས་གསར་བཟོ་བྱས། མ་ཟད་སེ་ར་གླིང་ནང་དེ་སྔོན་སྒེར་དང་བླ་བྲང་ཁག་གི་མོ་ཊ་དང་། སྦག་སྦག་ཉོས་ཟིན་པ་རྣམས་དུས་བཀག་བྱས་ཏེ་མེད་པ་བཟོ་བཅུག་པ་དང་། ཕྱིན་ཆད་དགོན་པའི་ནང་སྒེར་སོ་སོའི་མོ་ཊ་དང་། སྦག་སྦག་སོགས་གཏན་ནས་ཉར་མི་ཆོག་པའི་སྒྲིག་ཁྲིམས་བཟོས། གཞན་ཡང་སྔ་དགོང་གི་ཆོས་རར་ཐོ་གཤེར་གཏོང་རྒྱུ་དང་། ཕྱི་ནང་གི་སྒྲིག་ལམ་ལྟ་རྟོག་བྱེད་རྒྱུ་སོགས་ནུས་པ་གང་ཡོད་བྱས།
ཕྱི་ལོ་ ༢༠༠༤ ལོར་ས་ཞིང་ཁང་སར་ལེན་པ་རྣམས་ཀྱི་ཆེ་ཆུང་གི་གྲངས་དང་། ས་རིན་བྱུང་ཡོད་མེད་ཀྱི་རྩིས་ཐོ་དང་། གྲྭ་ཚང་གི་སྐུ་ཆས་རྟེན་གསུམ་དང་། མཆོད་རྫས། སྐུ་ཆས་གཞན་མཆོད་རྫས་སོགས་ཀྱི་ཐོ་དང་། ཡིག་རིགས་རྙིང་པ་སོགས་ཡིག་ཆ་ཁག་གི་ཐོ་དང་། གྲྭ་ཚང་གིས་སྒྲིག་ཡིག་བཟོ་རྒྱུ་སོགས་ཀྱི་ལས་ཀ་ལོ་ངོ་གཉིས་ལྷག་བྱས།
ད་ཆ་རང་ལོ་ ༧༣ ལ་སླེབས་ཡོད་པ་བཅས་ཕྲན་དགེ་བཤེས་ངག་དབང་ཆོས་བཟང་གི་མི་ཚེའི་བྱུང་བ་མདོར་བསྡུས་སུ། ཕྱི་ལོ་ ༢༠༠༧ ཟླ་བ་ ༩ ཚེས་ ༧ ཉིན་བྲིས་པའོ། །ཞེས་གསལ་ཞིང་། ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༢༨ ཉིན་ཁོང་ང་ཚོ་དང་གཏན་དུ་ཁ་བྲལ་བའི་མྱ་ངན་རྗེས་དྲན་དུ། ཡེ་ཤེས་རྒྱལ་མཚན་ནས་ཕྱི་ལོ་ ༢༠༢༣-༣-༣༠ གཙང་ལྗོངས་ལྷ་རྩེ་ཆོས་རྫོང་གི་བྱུང་རབས་ཐུབ་བསྟན་མཛེས་རྒྱན་ནས་འུབ་བྱས་ཡིན་ནོ།།
ཡོང་ཁུངས། ཡེ་ཤེས་རྒྱལ་མཚན་གྱི་ངོ་དེབ་ལས་དྲངས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།