རྗེ་བཙུན་མུས་སྲད་པ་ཆེན་པོ་རྡོ་རྗེ་རྒྱལ་མཚན་གྱི་དགོངས་རྫོགས་དུས་ཆེན་བསུ།

རྗེ་བཙུན་མུས་སྲད་པ་ཆེན་པོ་རྡོ་རྗེ་རྒྱལ་མཚན་གྱི་དགོངས་རྫོགས་དུས་ཆེན་བསུ།

(མུས་སྲད་པ་ཆེན་པོ་ནི། ས་སྐྱ་གདུང་རབས་རིན་ཆེན་བང་མཛོད་ཀྱི་གཞི་བཅོལ་སའི་ས་སྐྱའི་གདུང་རབས་རིན་པོ་ཆེའི་ཕྲེང་བ་དང་། མང་ཐོས་བསྟན་རྩིས་ཀྱི་མིག་ལྟ་བུའི་མུས་སྲད་པའི་བསྟན་རྩིས་མཛད་པ་པོ་དང་། ལམ་འབྲས་ཀྱི་ཆོས་སྐོར་ཐད་ཆུ་བོ་བཞི་དང་། འཁྲུལ་སེལ་བཞི་ལ་སོགས་པ་ལམ་འབྲས་ཆོས་སྐོར་ལ་དག་ཐེར་མཛད་པ་པོ་ལོ་རྒྱུས་དང་ལྟ་གྲུབ་གཉིས་ཀར་མཛད་རྗེས་ཆེ་བའི་ས་སྐྱའི་མཁས་གྲུབ་ཆེན་པོ་ཞིག་ཡིན།)

 

མདོ་རྒྱུད་མན་ངག་རྒྱ་མཚོའི་དགོངས་པའི་བཅུད།།
ལུང་རིགས་སྤོབས་པས་ཐུགས་ཀྱི་རྒྱ་མཚོར་བསྐྱིལ།།
འཐད་སྒྲུབ་རིགས་པས་རྒྱལ་བསྟན་སྐྱོང་མཁས་པ།།
ཀུན་མཁྱེན་མུས་སྲད་པ་ལ་གསོལ་བ་འདེབས།།

ཞེས་ཀུན་མཁྱེན་མུས་སྲད་པ་ཆེན་པོ་རྡོ་རྗེ་རྒྱལ་མཚན་ལ་གསོལ་འདེབས་སྔོན་དུ་བཏང་སྟེ། མུས་སྲད་པ་ཆེན་པོ་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བ་དང་། སྐུ་ཞི་བར་གཤེགས་ནས་མི་ལོ་ཧྲིལ་པོ་ ༥༢༦ འཁོར་བའི་དེ་རིང་སྟེ། ཕྱི་ལོ་ ༢༠༢༣ བོད་ཟླ་ ༢ ཚེས་ ༢༤ ཉིན་རྗེ་བཙུན་བླ་མའི་དགོངས་རྫོགས་དུས་ཆེན་དང་སྟབས་བསྟུན་བཀའ་དྲིན་རྗེས་སུ་དྲན་པའི་རྣམ་ཐར་འདི་སྤེལ་ལོ།།

དེ་ཡང་། ས་སྐྱ་ཁྲི་འཛིན་ཉེར་བདུན་པ་འཇམ་མགོན་ཨ་མྱེས་ཞབས་ཀྱིས།
འཛམ་བུའི་གླིང་འདིར་ཐུབ་དབང་ཟས་གཙང་སྲས། །སླར་ཡང་བྱོན་པ་ལྟ་བུའི་འགྲོ་བའི་མགོན། །
ས་སྐྱའི་བླ་ཆེན་ཡབ་སྲས་ཁུ་དབོན་བཅས། །བཀའ་དྲིན་དྲན་པས་སླར་ཡང་ལན་བརྒྱར་འདུད། །
གང་གི་བསྟན་འཛིན་མཁའ་ལ་ཉི་ཟླ་ལྟར། །འཛིན་མའི་ཁྱོན་འདིར་ངོར་རྫོང་རྣམ་གཉིས་ཞེས། །
སྙན་གྲགས་སྐྱེ་བོ་ཀུན་གྱི་ཁར་རྒྱུ་བའི། །འགྲན་བྲལ་སྐྱེས་བུའི་མཆོག་རྣམས་བསྔགས་པར་འོས། །

ཞེས་བསྔགས་པ་ལྟར། དཔལ་ས་སྐྱ་པའི་བསྟན་འཛིན་སྔགས་ཀྱི་རྒྱལ་ཚབ་ངོར་རྫོང་གཉིས་སུ་གྲགས་པའི་ཡ་གྱལ་དཔལ་ལྡན་རྫོང་པའི་རིང་ལུགས་སྐྱོང་བའི་མཁས་གྲུབ་ཆེན་པོ་ཞིག་ཡིན། དེ་ཡང་མཁས་གྲུབ་ཆེན་པོ་སྒྱི་ཆུ་བ་བུདྡྷ་ཤྲཱི་ཡི་ཞལ་སྔ་ནས།
མདོ་རྒྱུད་མན་ངག་བསྟན་བཅོས་ཀུན་གྱི་དོན། །ཇི་བཞིན་རྟོགས་ནས་གཞན་དྲིང་མི་འཇོག་པའི། །
འཁྲུལ་མེད་སྨྲ་བའི་དབང་པོ་མུས་སྲད་པ། །ལས་སྐལ་བསགས་རྒྱབ་ཅན་གྱི་གཙུག་ཏུ་མཆོད ། །
ཅེས་མཆོད་ཅིང་བསྟོད་པའི་རྗེ་བླ་མ་འདི་ནི། དམར་གཡོ་གཙང་གསུམ་ལས་གཙང་རབ་གསལ་གྱི་གདུང་རིགས་སུ། ཕྱི་ལོ་  ༡༤༢༤ ལོར་གཙང་ཕྱོགས་ཀྱི་ཆག་སྐྱར་སྐྱའི་ཕུའི་འབྲོག་གསེབ་ཏུ་སྐུ་འཁྲུངས་ཤིང་། མཚན་གཞན་ལ། མཚུངས་མེད་རྡོ་རྗེ་རྒྱལ་མཚན་དང་། རྫོང་ཆུང་བ་བྱམས་པ་རྡོ་རྗེ་རྒྱལ་མཚན། རྗེ་མུས་སྲད་པ་ཆེན་པོ། གྲང་མོ་ཆེ་པ་ཞེས་སོགས་མང། རྗེ་འདི་གླང་འཁོར་བ་མཉྫུ་ཤྲི་ལས་རབ་ཏུ་བྱུང་། དགུང་ལོ་དགུ་པ་ལ། ཤ་ར་བའི་དངོས་སློབ་ཀུན་སྨོན་མཛེས་པའི་དཔལ་གྱིས་བཏབ་པའི་དགོན་པ་མུས་སྲད་ཀྱི་གདན་ཁྲིར་ཕེབས། ཆོས་རྗེ་ཡོན་ཏན་བཟང་པོ་དང་། བླ་ཆེན་ཆོས་དཔལ་བཟང་པོ་  (༡༤༣༡-༡༤༩༩) སོགས་ལས་ས་སྐྱ་པའི་གསུང་རབ་དྲི་མ་མེད་པ་ཐུགས་ལ་སྨིན་པར་མཛད། དགུང་ལོ་བཅོ་བརྒྱད་པ། ལྕགས་མོ་བྱ། ཕྱི་ལོ་ ༡༤༤༢ ལོར། ངམ་རིངས་ཀྱི་ཆོས་གྲྭར་རྡོ་རྗེ་འཆང་ཨཱ་ནན་ཏ་མ་ཏི་ (༡༣༧༢-༡༤༥༤) དང་། མཉམ་མེད་རྫོང་པ་དཔལ་ལྡན་ཆོས་སྐྱོང་། (༡༣༥༠-༡༣༩༢) རིན་ཆེན་ཆོས་སྡེ་ལེགས་པ་སོགས་ཀྱི་ཞབས་ལ་བསྟེན་ཏེ། གུར་སཾ་སྦྱོང་རྒྱུད། ལམ་འབྲས་སོགས་གསན། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་ལས་བསྙེན་པར་རྫོགས། དགུང་ལོ་ཞེ་དགུ་པར་དཔལ་ལྡན་ས་སྐྱར་བྱོན། ཐོག་མར་ས་སྐྱ་སྨན་གྲོང་དུ། ཞི་ཁྲོ་སོགས་རྙིང་མའི་ཆོས་འཁོར་མང་དུ་བསྐོར། གདན་ས་ཆེན་པོ་ས་སྐྱའི་གྲང་མོ་ཆེ་པའི་བརྒྱ་དཔོན་ཆོས་རྗེ་ཀུན་བསམ་པས། བླ་མ་མཉམ་མེད་པ་དང་། ཆོས་རྗེ་གཟུངས་དཔལ་ (༡༣༠༦-༡༣༨༩) ནས་བརྒྱུད་པའི་ཆོས་རྒྱུད་དྲི་མ་མེད་པ་བཞུགས་པར་དགོངས་ནས་བླ་བྲང་ཆེ་མོར་སྤྱན་དྲངས་པར་བརྟེན་དགུང་ལོ་ལྔ་བཅུ་པ་ནས་ཞི་བར་མ་གཤེགས་ཀྱི་བར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཟབ་དོན་ཉམས་བཞེས་དང་། རྡོ་རྗེ་ཐེག་པ་ལ་མཁས་པའི་མཆོག་ཏུ་གྱུར་པ། ཁྱད་པར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཁུ་དབོན་རྣམས་ཀྱི་གསུང་རབ་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ནས་འགལ་མེད་དུ་རྟོགས་ཤིང་འཁྲུལ་མེད་དུ་སྨྲ་བའི་སྤོབས་པ་འཁྲུངས་པ། རྣལ་འབྱོར་གྱི་དབང་ཕྱུག་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན། ཞེས་སྐྱེས་མཆོག་དམ་པ་དུ་མས་ཡང་ཡང་བསྔགས་པའི་ཡུལ་་རྗེ་བཙུན་མུས་སྲད་པ་ཆེན་པོ་འདི་ནི། འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བསྟན་སྤྱི་དང་ཁྱད་པར་ལམ་འབྲས་ཆོས་སྐོར་ལ་དག་ཐེར་དཔྱིད་ཕྱིན་པར་མཛད་དེ་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པས། དུས་ཕྱིས་དཔལ་ལྡན་ས་སྐྱ་པའི་བཀའ་འབབ་རྣམ་བཞིའི་ཡ་གྱལ་དུ་གྱུར་པས། ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོས།
ཨེ་ཝཾ་པ་ནི་བསྡུས་ལ་སྤྲོས་པ་ཆུང་། །མུས་སྲད་པ་ནི་དཀར་ཆག་ཁྲིགས་ཆགས་ཅན། །
རྡོ་རྗེ་གདན་པ་འཆམ་དང་ནུས་པའི་བདག །ཁོ་བོས་ཐོབ་པའི་ཐུན་མོང་བརྒྱུད་པ་གསུམ། །
ཞེས་གསུངས་པའི་མདོ་རྒྱུད་དཀར་ཆག་ཁྲིགས་ཆགས་ཅན་གྱི་བཞེད་སྲོལ་སྐྱོང་བར་མཁས་པའི་མུས་སྲད་པ་ཞེས་པའང་རྗེ་འདི་ཉིད་ཡིན་ལ། རྗེ་འདིའི་ཆོས་རྒྱུན་ད་ལྟའང་རྒྱུན་མ་ཆད་པར་བཞུགས་པ་ནི། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་གི་གསན་ཡིག་རིན་ཆེན་ནོར་བུའི་ཕྲེང་བ་ལས། ཇི་སྐད་དུ།
དེ་དག་ལས་འོངས་སོ་སོའི་ངོས་འཛིན་ནི། །ངོར་ལུགས་ཡི་གེ་ཨེ་ཡི་རྟགས་ཀྱིས་མཚན། །
རྡོ་རྗེ་གདན་པ་ལས་བྱུང་རྡོ་རྗེའི་རྒྱ། །མུས་སྲད་པ་ནི་ཡི་གེ་མུ་ཡིས་རྒྱ། །
བདག་ཆེན་རྡོ་རྗེ་འཆང་དབང་ལས་བརྒྱུད་པའི། རྩ་བའི་ཡི་གེ་མཆོད་རྟེན་རྒྱ་ཡིས་མཛེས། །
ཐོར་བུ་གཞན་དག་མཆན་བུ་བཏབ་པས་ཤེས། །ཞེས་གསུངས་པ་ལྟར། ངོར་ཆེན་རྡོ་རྗེ་འཆང་གི་ལུགས་དང་། ཀུན་མཁྱེན་རྡོ་རྗེ་གདན་པའི་ལུགས། རྗེ་བཙུན་མུས་སྲད་པའི་ལུགས། བདག་ཆེན་རྡོ་རྗེ་འཆང་གི་ལུགས། བཀའ་བབས་ཆེ་བ་བཞིའི་ཡ་གྱལ་དུ་བཞུགས་སུ་གསོལ་བ་ལ་སོགས་འདི་ཉིད་དཔལ་ས་སྐྱའི་བསྟན་པ་རིན་པོ་ཆེར་བཀའ་དྲིན་ཆེ་བ་ལ་བརྟེན་ནས། ཀུན་མཁྱེན་རྫོང་པ་ཀུན་དགའ་རྣམ་རྒྱལ་གྱིས་རྗེ་འདི་ཉིད་དཔལ་ལྡན་ས་སྐྱའི་བསྟན་འཛིན་དུ་མངའ་གསོལ་བའི་ཞུ་ཡིག་ཞིག་ཀྱང་འབུལ་གནང་མཛད་ཡོད་ལ། དེ་ལྟ་བུའི་སྐྱེས་བུ་ཆེན་པོ་འདི་ཉིད་ཀྱི་གསུང་ལས་སྐྱེས་པའི་སློབ་མ་ཡང་། བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། བདག་ཆེན་བསོད་ནམས་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་བཟང་པོ། ཆོས་རྗེ་བློ་གྲོས་རྒྱལ་མཚན། ཇོ་ནང་པ་ཆོས་སྐྱོང་། བོ་དོང་བཀའ་བཅུ་པ་ཆོས་རིན་ལ་སོགས་པ་མང་དུ་བསྐྱངས་ཤིང་། གསུང་རྩོམ་ཀྱང་། ས་སྐྱའི་གདུང་རབས་སོགས་ཆོས་འབྱུང་རིགས་དང་། གསལ་བྱེད་བཞི། སྒྲུབ་པ་བཞི་སོགས་ལྟ་གྲུབ་ཀྱི་རིགས་དེང་མཇལ་དུ་ཡོད་པ་པོད་བཞི་ཡོད་པ་དེ་དག་ཉེ་རབས་གོང་དཀར་ཆོས་སྡེ་ནས་སྤར་བསྐྲུན་ཞུས་པའི་རྫོང་པའི་ཆོས་སྐོར་ཕྱོགས་བསྒྲིགས། ཞེས་པའི་ནང་དུ་བཞུགས། མཐཪ་དགུང་གྲངས་དོན་ལྔ་པ། ཕྱི་ལོ་ ༡༤༩༨ ལོར་དཔལ་ལྡན་ས་སྐྱའི་གྲང་མོ་ཆེའི་བླ་བྲང་དུ་བོད་ཟླ་ ༢ ཚེས་ ༡༤ ཉིན་སྐུ་ཞི་བར་གཤེགས་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།