༄༅། །བཀའ་གདམས་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ཤ་ར་བའི་འཁྲུང་གནས་བྱིན་ཅན།

༄༅། །བཀའ་གདམས་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ཤ་ར་བའི་འཁྲུང་གནས་བྱིན་ཅན།
༄༅། །བཀའ་གདམས་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ཤ་ར་བའི་འཁྲུང་གནས་བྱིན་ཅན།
༄༅། །པོ་ཏོ་བའི་སློབ་མ་དབུས་ཀྱི་ཉི་ཟླ་ཟུང་གཅིག་ཏུ་གྲགས་པ་ལས། སྡེ་སྣོད་རིན་པོ་ཆེ་གསུམ་གྱི་ཡོན་ཏན་གྱིས་ཐུགས་རྒྱུད་གཏམས་ཤིང་། འཇམ་དཔལ་དབྱངས་ཀྱི་སྤྲུལ་པར་གྲགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བ་ནི། རབ་བྱུང་དང་པོའི་ལྕགས་ཁྱི་ (༡༠༧༠) ལོར་རྭ་སྒྲེང་ནས་མི་རིང་བའི་ས་པ་ཚབ་རོམ་པོ་ཞེས་པའི་ཡུལ་དེར་ཡུམ་ཕྱུགས་འཚོ་བའི་ཚེ་རྡོ་ལེབ་ཆེན་པོའི་སྟེང་བཞུགས་དུས་སྐུ་འཁྲུངས། རྡོ་ལེབ་སྟེང་དུ་ཞབས་རྗེས་ཀྱང་བྱོན།

དགུང་ལོ་བཅོ་བརྒྱད་བར་ཁྱིམ་དུ་བཞུགས། ཡི་གེ་འབྲི་ཀློག་སོགས་ནི་ཚེགས་མེད་དུ་མཁྱེན། རང་མཉམ་གཞན་ལ་བརྩེ་བའི་འཛུམ་གྱིས་བསུ་བ་ལས་ཁྲོ་བ་དང་སྐྱོན་བརྗོད་པ་སོགས་ནི་ནམ་ཡང་མི་མཛད། ཕ་མ་དང་ཉེ་དུ་རྣམས་ཀྱིས་བག་མ་ལེན་དུ་ཉེ་བ་ན་ཁྱིམ་ནས་བྲོས་ཏེ་ཀླུང་ཤོད་ཆོར་བ་ཞེས་པར་རབ་ཏུ་བྱུང་། མཚན་ཡོན་ཏན་གྲགས་སུ་བཏགས། ཀླུང་ཤོད་ཆོར་བར་དགེ་བཤེས་སྤྱན་སྔ་བ་ལས་གདམས་པ་ཞུས། སྟག་ལུང་ཐང་ན་དགེ་བཤེས་པོ་ཏོ་བ་མཇལ་བས་རྗེས་སུ་བཟུང་སྟེ་ལམ་གྱི་རིམ་པའི་ཁྲིད་དང་། ཉམས་ལེན་བྱ་ཐབས་སོགས་རྒྱས་པར་གནང་བས་པོ་ཏོ་བ་ཞིང་གཤེགས་ཀྱི་བར་ནམ་ཡང་མ་འབྲལ་བར་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན།
པོ་ཏོ་བའི་སྐུ་འཁོར་ནང་མ་མཛད་དེ་པོ་ཏོ་བ་ཁྱོན་ལོ་བརྒྱད་བསྟེན་ནས་ལམ་རིམ་གྱི་ཁྲིད་མཐའ་ཆོད་པར་གསན། ཤ་ར་བས་བཀའ་གདམས་གཞུང་དྲུག་དང་གུང་བསྒྲིགས་ཏེ་རྒྱས་པར་བཤད་པས་གསུང་རབ་འཆད་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན། པོ་ཏོ་བ་ཞིང་དུ་གཤེགས་རྗེས་པོ་ཏོ་བའི་སློབ་མ་ཕལ་ཆེར་ཤ་ར་བའི་རྗེས་སུ་འབྲངས་ཏེ་འཁོར་བརྒྱ་ཕྲག་མང་པོ་དང་བཅས་ཀླུང་ཤོད་དུ་བྱོན་ནས་ཚོགས་འདུས་ཡོ་བྱད་གང་བྱུང་དགེ་འདུན་ལ་བསྔོས། འདུས་པ་སུམ་སྟོང་ཙམ་བསྐྱངས།
པ་ཚབ་ལོ་ཙཱ་བ་ལ་བསྔགས་བརྗོད་ཆེས་ཆེར་མཛད་པས་ལོག་རྟོག་སྨྲ་ངན་རྣམས་རང་ཤུགས་ཀྱིས་འགག་པ་དང་། པ་ཚབ་ལོ་ཙཱ་བ་འཕྲིན་ལས་ཆེས་ཆེར་རྒྱས། པ་ཚབ་ལོ་ཙཱ་བས་རང་ཉིད་ཀྱིས་བསྒྱུར་བའི་དབུ་མ་འཇུག་པ་ཤ་ར་བ་ལ་གཟིགས་སུ་ཕུལ་བས་འདི་ལ་འདི་ལྟར་འོང་ཐང་ཞེས་བསྒྱུར་སྐྱོན་རྣམས་བསྟན་པས་པ་ཚབ་ལོ་ཙཱ་བ་ཤིན་ཏུ་དགྱེས་ནས་བསྔགས། ཤ་ར་བ་ཆེན་པོས་ལམ་རིམ་གྱི་ཁྲིད་ཡིག་ཆེ་ཆུང་གཉིས་དང་པོ་ཏོ་བའི་རྣམ་ཐར་ཚིགས་བཅད་མ་སོགས་མཛད་ཅིང་། དགུང་གྲངས་བདུན་ཅུ་དོན་གཉིས་པ་རབ་བྱུང་གཉིས་པའི་ལྕགས་བྱ་ (༡༡༤༡) ལོར་སྐུ་གཤེགས། གདུང་ཞུགས་འབུལ་གྱིས་པུར་ཐལ་དང་ན་བཟའ་རྣམས་དགེ་འདུན་སྟོང་དང་བདུན་བརྒྱར་བགོས་ཏེ་ཕྱོགས་ཕྱོགས་སུ་ཕྱག་མཆོད་ཀྱི་རྟེན་དུ་བཞུགས། སློབ་མའི་གཙོ་བོ་ནི་འཆད་ཁ་བ་ཡིན་ལ། སྣར་ཐང་ཕྱག་འདེབས་མཁན་གཏུམ་སྟོན་བློ་གྲོས་གྲགས་པ་ཡང་ཤ་ར་བའི་སློབ་མ་ཡིན་ནོ།།  །།
གཞན་ནས་དྲངས།

བརྒྱུད་སྐུལ།

མཆན་སྤེལ།