ལྷོ་གནས་ཁྱད་འཕགས། སྒྲགས་ཡང་རྫོང་དང་རྫོང་སྐུ་འབུམ།

ལྷོ་གནས་ཁྱད་འཕགས། སྒྲགས་ཡང་རྫོང་དང་རྫོང་སྐུ་འབུམ།
ལྷོ་གནས་ཁྱད་འཕགས། སྒྲགས་ཡང་རྫོང་དང་རྫོང་སྐུ་འབུམ།
དང་པོ། སྐུ་ཡི་དབེན་གནས་བསྒྲགས་ཀྱི་ཡང་རྫོང་།
འདི་ནི་ལྷོ་ཁ་གྲྭ་ནང་རྫོང་ནས་ཤར་ལྷོར་སྤྱི་ལི་ ༡༩ ལྷག་ཙམ་གྱི་ས་སྔགས་སྒྲ་ཤང་གི་སྒྲགས་གྲོང་ཚོའི་ནུབ་བྱང་རི་གཤམ་ཚར་གསེབ་རི་ཁྲོད་ནས་ཡར་གྱེན་དུ་རྐང་ཐང་ལ་ཆུ་ཚོད་༡:༣༠ལྷག་ཙམ་ཕྱིན་པ་ན་མཐོ་ཚད་རྒྱ་མཚོའི་ངོས་ནས་རྨིད་༤༤༢༠་་ཙམ་ན་གནས་སོ།། སྒྲགས་ཀྱི་ཡང་རྫོང་ཡོངས་རྫོགས་གཤིན་རྗེ་རོལ་པའི་ཕོ་བྲང་འདི་ཉིད། པདྨ་བཀའ་ཐང་ལས། སྒྲུབ་གནས་ཀུན་གྱི་རྒྱལ་པོ་ཁྱད་འཕགས་ནི༔མཁའ་འགྲོ་མ་འགྲུབ་རང་བཞིན་འདུ་བའི་གནས༔སྐུ་ཡི་དབེན་གནས་སྒྲགས་ཀྱི་ཡང་རྫོང་ཡིན། ཞེས་གསུངས་པ་ལྟར།

རི་བོ་གླང་ཆེན་འགྱིང་འདྲའི་རྣམ་པ་དང་མཚུངས་པའི་ངོས་ན་འཇམ་དཔལ་གཤིན་རྗེ་གཤེད་མ་ཧེའི་གདོང་ཅན་ཞལ་ལྷོར་གཟིགས་པའི་མཁུར་ཚོས་གཡས་སུ་ཨ་དང་། གཡོན་དུ་གི་རང་བྱོན་ལྷ་ཤིང་ཤུགས་པས་མཚོན་པ། སྒྲུབ་ཕུག་སྟེང་ཤོད་བར་གསུམ། རིག་འཛིན་ཕུག
གཡང་གཟར་ཆེ་ཆེ་བའི་ངོས་ན་བགྲོད་ས་བྱང་ཕྱོགས་༣ ༧ མཚོན་བྱེད་སྐས་འཛེགས་སྐས་ཐེམ་༣༧་འཛེགས་ནས་ཡར་མ་ཧེའི་གདོང་ཅན་གྱི་ཤངས་སྦུག་ནས་ཨོ་རྒྱན་རིན་པོ་ཆེས་ཁ་ཟླུམ་རྩེ་གསུམ་གྱིས་གནས་སྒོ་འབྱེད་གནང་མཛད་པ་དེ་ནང་འཛུལ་དགོས། ཆེས་གཡང་གཟར་ཆེ་བའི་སྐས་འཛེགས་འདི་ནས་མར་མི་ལྷུང་བའི་ཆེད་དུ་སྐས་མགོར་ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་རྗེས་སོགས་རང་བྱོན། ཨོ་རྒྱན་ཆེན་པོའི་ཕྱག་དཔུང་གི་རྗེས། འདྲེ་སྲིན་གྱི་གནོད་པ་བཟློག་བྱེད་བཞག་པའི་ཕྱག་སེན་གྱི་རྗེས། ཡིག་དྲུག་རང་བྱོན། ཉི་ཟླ་རང་བྱོན། མཁའ་འགྲོ་མཉེས་ནས་མེ་ཏོག་གི་ཆར་བབས་པའི་རང་བྱོན།
སྒྲུབ་ཕུག་གི་ནང་ན་མར་ཡེ་ཤེས་མཚོ་རྒྱལ་གྱིས་རྫུ་འཕྲུལ་གྱིས་རྒྱ་གར་བྷང་གའི་ཡུལ་ནས་བླངས་པའི་ཙནྡན་དཀར་དམར་གྱི་སྐས་ཐེམ་ཉེར་གཅིག་སྒྲོལ་མ་ཉེར་གཅིག་མཚོན་པ་ཅན། སྟེང་ན་སྒྲུབ་ཕུག་གཙོ་བོ་གུ་རུ་རིན་པོ་ཆེ་ལོ་༣་ཟླ་༣་ཞག་༣་མི་དང་ལྷ་འདྲེས་མི་མཐོང་བར་མཚམས་ལ་བཞུགས་པའི་ཕུག་པ་ངོ་མཚར་བསམ་ཡུལ་ལས་འདས་པ་མཇལ་བ་ཙམ་གྱི་འདིར་སྣང་གི་རྟོག་པ་ཏུར་ཏུར་པོ་རང་འགག་ལ་འགྲོ་བ། ཡེ་ཤེས་མཚོ་རྒྱལ་གྱི་ཕུག་པ་ཚད་མེད་བཞི་མཚོན་ཆེད་ཕྱོགས་བཞིར་སྒོ་བཞི་དང་ཤེལ་གྱི་ཀ་བ་བཞི་ངོ་མཚར་བསམ་ཡུལ་ལས་འདས་པ། ལོ་ཆེན་བེ་རོའི་ཕུག་པ། གུ་རུའི་མཚམས་ཐོ་རང་བྱོན། དཔའ་བོ་མཁའ་འགྲོའི་མཁར་རྔ། གནྜི། དུང་སོགས་ཀྱི་སྒྲ་གྲགས་པ། སེང་གེའི་ཁྲི། མགོ་སྲུང་རྟ་ཕྱག་ཁྱུང་གསུམ་རང་བྱོན་སོགས་མང་པོ། མཁའ་འགྲོའི་བྲོ་རྭ་སོགས་བསམ་ཡུལ་ལས་འདས་སོ།། དེ་རྣམས་ཚོན་ཙམ་མོ།
དེ་ནས་ནུབ་ངོས་སུ་རྨིད་༤༠༠ཡོད་སར་གནས་སྒོ་གསར་པ་ཞེས་པ་རྡོར་བྲག་རིག་འཛིན་བཞི་པས་གཡའ་རི་པདྨ་མཐོ་ལྕོག་ཅེས་པ་ནས་རྒོད་ཐང་དཀར་ཞིག་ལ་སྤྲུལ་ནས་གནས་སྒོ་ཕྱེ་གནང་མཛད་པ་ངོ་མཚར་ཅན་སོགས་འདུགགཞན་ཡང་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་བྲག་ལ་ཕུར་པ་བཏབ་པའི་གནས། གྲུབ་ཆེན་མེ་ལོང་རྡོ་རྗེའི་སྒྲུབ་ཕུག དྲག་སྔགས་ཕུགཟིལ་གནོན་ཕུག ངར་ཕུག་སུ་གྲུབ་ཆེན་མེ་ལོང་རྡོ་རྗེ་ལོ་ལྟ་བཞུགས་པའི་ཕུག་པ་ངོ་མཚར་ཅན་སོགས་བཞུགས།
རི་གཤམ་ན་རབ་བྱུང་༡༢པའི་རྙིང་མའི་གཏེར་སྟོན་ཆེན་པོ་ཟུར་རྗེ་གླིང་པས་ཕྱག་བཏབ་པའི་ཚལ་གསེབ་རྣམ་གྲོལ་བྱང་ཆུབ་ཆོས་གླིང་དགོན་ཞེས་པ་སྙིང་ཐིག་ཉམས་བཞེས་མཛད་པའི་བཙུན་དགོན་ཉམས་དགའ་བ་དང་། དེའི་ངོགས་སུ་བཀའ་བརྒྱུད་པའི་དགོན་པ་སྔགས་གྲྭ་དགོན་བཅས་མཇལ་རྒྱུ་འདུག
གནས་མཆོག་རྫོང་སྐུ་འབུམ།
རྫོང་སྐུ་འབུམ་ནི་ལྷོ་ཁ་གྲྭ་ནང་རྫོང་སྔགས་གྲྭ་ཡུལ་ནས་ཡར་གྱེན་ལ་རྐང་ཐང་དུ་ཆུ་ཚོད་གཅིག་ཙམ་སོང་བ་ན་དེང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༤༦༨ ༠ 4680ཙམ་ན་ཆགས་འདུག གནས་འདི་ནི་གུ་རུ་པདྨ་སཾ་བྷ་ཝས་གནས་སྒོ་ཕྱེ་བའི་གསང་བའི་ཕུག་པ་ཡིན་འདུག ཕུག་པའི་ཞལ་ལྷོ་ནུབ་ལ་ཕྱོགས་ནས་སེང་གེ་འགྱིང་བ་ལྟར་གནས། དཔང་མཐོ་བས་བྱམས་པ་བཞེངས་པ་ལྟ་བུ་དང་། རྒྱ་ཆེ་བས་གུ་རུ་མཚན་བརྒྱད་ཀྱི་མཛད་འཕྲིན་རྒྱས་པ་ལྟ་བུ། གནས་ཆེན་འདི་ནི་གསང་བདག་ཕྱག་ན་རྡོ་རྗེའི་བླ་རི། སློབ་དཔོན་ཆེན་པོ་ལོ་གསུམ་ལ་སྒྲུབ་པ་མཛད་པའི་གནས། ངོ་མཚར་བརྗོད་ལས་འདས་པ།
ཨོ་རྒྱན་ཆེན་པོ་གཡག་ལ་ཆིབས་སྟེ་གནས་སྒོ་ཕྱེ་བར་གྲགས་པའི་གཡག་གི་ཞབས་རྗེས། བྲག་ཕུག་འདིའི་ནང་སློབ་དཔོན་པདྨའི་སྒྲུབ་ཕུག་བྱིན་བརླབས་ཀྱི་ཚན་ཁ་འབར་བ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་མཛད་ཤུལ་དང་རང་བྱོན་བསམ་ལས་འདས། ནང་དུ་སྐུ་འབུམ་རང་བྱོན་བཞུགས། གུ་རུས་གནས་སྒོ་ཕྱེ་དུས་དུག་སྦྲུལ་ཚར་གཅད་པའི་རང་བྱོན། ཨོཾ་ཨཱ་ཧཱུྃ་རང་བྱོན། མེ་ཏོག་པདྨ་ཁ་ཕྱེ་བའི་རང་བྱོན། དུང་དཀར་རང་བྱོན། མུ་ཏིག་དྲ་བའི་རང་བྱོན། མར་མེ་རང་བྱོན། སློབ་དཔོན་ཆེན་པོས་སྲིན་པོ་ཕོ་མོ་དམ་ལ་བཏགས་ནས་གནག་ལྕགས་ཕུར་པ་བསྐྱོན་པའི་རང་བྱོན་སོགས་བསམ་ལས་འདས།ཁྱད་པར་བྲག་ཕུག་གི་སྦུག་ཏུ་དཔལ་ལྡན་ལྷ་མོ་དང་རྣམ་སྲས་ཀྱི་བླ་མཚོ་ཡོད་པའི་རྩ་བ་ཡར་ཀླུང་གཙང་པོ་དང་འབྲེལ་བས་གཙང་པོ་རྦ་རླབས་དུས་ཀྱི་བེ་མ་དངོས་སུ་མཇལ་རྒྱ་ཡོད་སོགས་སོ།།
ལྷག་པར་དུ་ཕུག་པའི་སྦུག་ཏུ་སློབ་དཔོན་ཆེན་པོ་ལོ་གསུམ་ཟླ་གསུམ་ཞག་གསུམ་སྐུ་མཚམས་ལ་བཞུགས་སའི་གཟིམས་ཕུག་དབྱིབས་གུར་ཕུབ་པ་ལྟ་བུའི་ནང་མཐོང་ཡངས་སུ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་བཞུགས་པ། གུ་རུ་རིན་པོ་ཆེ་སྒྲུབ་པ་ལ་བཞུགས་པས་སྐུ་ལུས་བྲག་ལ་ཐིམ་པའི་རང་བྱོན་སོགས་རང་བྱོན་དཔག་ཏུ་མེད་པ་ངོ་མཚར་བསམ་ཡུལ་ལས་འདས་པ་བཞུགས། ནང་དུ་ངོ་མཚར་གྱི་རང་བྱོན་གྲང་ལས་འདས་ཅིང་རྩ་ཆེའི་གཟིམས་ཕུག་ཤིན་ཏུ་མང་བ། ཕྱི་ལ་རི་བོ་ལྷུན་གྲུབ་རྩེ་དང་པདྨ་རྩེ་ལ་སོགས་སྔོ་ལྗངས་ནགས་ཀྱིས་ཡོངས་སུ་ཁེངས་པ། རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་ཞིང་ཅི་དགར་རོལ་བ། བྱ་བྱིའུ་སྣ་ཚོགས་ཀྱིས་སྙན་པའི་མགྲིན་དབྱངས་ལྷང་ལྷང་དུ་སྒྲོག་པ།བྲག་ཕུག་གི་ནང་ནས་དྭངས་གཙང་གི་བདུད་རྩིའི་ཆུ་རྒྱུན་ལྷུང་ལྷུང་དུ་བབས་པ་སོགས་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་ཅིང་བྱིན་བརླབས་ཀྱི་གཟི་འོད་ལྷམ་མེར་འཕྲོ་བའི་གནས་མཆོག་ཁྱད་པར་ཅན་ཞིག་གོ།
གཙང་གངས་ཕྲུག་གི་གནས་སྐོར་ཟིན་ཐོ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།