མཁས་དབང་དགེ་སློང་རྣམ་རྒྱལ་དབང་ཆེན་མཆོག་གི་རྣམ་ཐར།

མཁས་དབང་དགེ་སློང་རྣམ་རྒྱལ་དབང་ཆེན་མཆོག་གི་རྣམ་ཐར།
༄༅།། མཁས་དབང་དགེ་སློང་རྣམ་རྒྱལ་དབང་ཆེན་མཆོག་གི་རྣམ་ཐར།
ཕྱི་ནང་གི་རིག་གནས་རྒྱ་མཚོའི་ཕར་མཐའ་སོན་པ་གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བ་བཀའ་དྲིན་ཟླ་མེད་ཡོངས་ཀྱི་དགེ་བའི་བཤེས་ཆེན་པོ་དགེ་སློང་རྣམ་རྒྱལ་དབང་ཆེན་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་ ༡༩༣༤ ལོར་ལྷ་སར་ཕ་ར་སྤྱི་སོའི་གཟིམ་ཤག་བསམ་ལྡིང་དུ་ཡབ་ཀུན་དགའ་དང་། ཡུམ་བསམ་གཏན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

ཕྱི་ལོ་ ༡༩༤༢ ལོར་དགུང་ལོ་བརྒྱད་ལ་ཕེབས་སྐབས་གཙང་པ་མཁན་རིན་པོ་ཆེ་ཡེ་ཤེས་སྦྱིན་པ་མཆོག་ལ་གཙུག་ཕུད་ཕུལ། མཁན་རིན་པོ་ཆེ་མཆོག་གིས་སྦྱིན་པ་བསྟན་རྒྱལ་ཞེས་པའི་མཚན་གསོལ་གནང་མཛད། ཡུམ་གྱི་བཀའ་ལྟར་ཕ་ར་ཁམས་ཚན་དུ་སྒྲིག་ཞུགས་གནང་རྗེས་ཕྱིར་རང་ཁྱིམ་དུ་ཕེབས་ནས་ལྷ་ལྡན་ཁུལ་དུ་སློབ་གྲྭ་ཆུང་ཆུང་ཞིག་ཡོད་པ་དེར་བོད་ཡིག་སོགས་ལ་ལེགས་པར་བསླབས་གནང་མཛད། ཕྱི་ལོ་ ༡༩༤༩ ལོར་དགུང་ལོ་བཅོ་ལྔ་ལ་ཕེབས་སྐབས་ཡུམ་གྱི་བཀའ་ལྟར་དཔལ་ལྡན་མཁས་མང་བློ་གསལ་གླིང་གི་ཆོས་སྒོར་ཞུགས་ཏེ། གཟིམ་ཤག་གི་བླ་མའི་གཙོ་བོ་སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེའི་སྐུ་མདུན་དུ་རྟེན་འབྲེལ་གྱི་ཕྱིར་དུ་བསྡུས་གྲྭའི་མཆོད་བརྗོད། ཕྱོགས་བཅུའི་རྒྱལ་ཀུན་འདུས་པའི་ངོ་བོ་ནི། །ཞེས་སོགས་ཀྱི་གཞུང་འཁྲིད་གནང་མཛད།
མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་པདྨ་རྒྱལ་མཚན་དཔལ་བཟང་པོ་མཆོག་གཟིམ་ཤག་གི་རྒན་དང་། ཡོངས་འཛིན་གཅིག་ལྕོགས་བསྟེན་ནས་གཞུང་ཆེན་མོ་རྣམས་ལ་གསན་བསམ་སྒོམ་པ་ཚུལ་བཞིན་མཛད་ཞོར། རྒན་པདྨ་རྒྱལ་མཚན་མཆོག་གི་ཞབས་ཞུ་ཡང་གནང་། རྒྱས་པ་བླ་བྲང་དུ་རྒྱས་པ་མཁན་རིན་པོ་ཆེ་རྗེ་བཙུན་པདྨ་རྒྱལ་མཚན་མཆོག་གི་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཐུབ་བསྟན་རྒྱལ་མཚན་ཞེས་གསོལ།
ཕྱི་ལོ་ ༡༩༥༤ ལོར་དགུང་ལོ་ཉི་ཤུ་ལ་ཕེབས་སྐབས་སུ་འདུལ་འཛིན་ཀུན་གྱི་གཙུག་རྒྱན་སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་པདྨ་རྒྱལ་མཚན་མཆོག་གི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་གནང་མཛད། རྒན་རིན་པོ་ཆེ་དགེ་འདུན་ཉི་ཤུ་གསན་བསམ་གནང་སྐབས་རྒན་པདྨ་རྒྱལ་མཚན་མཆོག་ལ་བློ་གསལ་གླིང་གི་མཁན་པོའི་ཕྱག་རྟགས་སྩལ་བ་བརྟེན་རྒན་པདྨ་རྒྱལ་མཚན་གྱི་བཀའ་ལྟར་ཤག་སྐོར་མཁན་རིན་པོ་ཆེ་རྗེ་བཙུན་ཉི་མ་རྒྱལ་མཚན་མཆོག་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་མོ་གསན་བསམ་མཛད། དེ་བཞིན་རྒན་པདྨ་རྒྱལ་མཚན་གྱི་བཀའ་ལྟར་ཆོས་ར་ཚོགས་པའི་སྐབས་སུ་རྒན་རིན་པོ་ཆེ་ཕ་ར་ཁམས་ཚན་དུ་བཞུགས་ནས་ཚོགས་དང་ཆོས་ར་འགྲིམ་པ་དང་། ཆོས་མཚམས་སུ་བློ་གསལ་གླིང་གི་མཁན་པོའི་བླ་བྲང་དུ་དཔེ་མཚམས་སུ་ཕེབས་ནས་གཞུང་ཆེན་བློ་འཛིན་དང་། རྒན་པདྨ་རྒྱལ་མཚན་མཆོག་གི་སྐུ་མདུན་དུ་ཕྱག་དཔེ་ཞུས་ནས་དབུ་མ་བདག་འགོག་བར་བོད་དུ་བཞུགས།
ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༩ སྟེ་བོད་ཟླ་ ༢ ཚེས་ ༡༠ མཚན་ཕྱེད་ཙམ་ལ་རྒྱ་དམར་གྱི་ལྷ་སར་མེ་སྒྱོགས་བརྒྱབ་པར་བརྟེན། རྒན་རིན་པོ་ཆེ་ཐད་ཀར་རྒན་པདྨ་རྒྱལ་མཚན་གྱི་སྐུ་མདུན་བཅར་ནས། རྒན་པདྨ་རྒྱལ་མཚན་ལ་ལྷོ་ཁར་ཆུ་བཞི་སྒང་དྲུག་ཡོད་ས་སོགས་ས་བརྟན་པ་དང་གཙང་མ་ཞིག་ལ་མ་ཕེབས་ན་ཉེན་ཁ་འདུག་ཅེས་ཞུས་སྐབས། རྒན་རིན་པོ་ཆེ་དང་གཉེན་ཉེ་ཡིན་པ་རོང་པོ་ཁམས་ཚན་གྱི་གྲྭ་ཆོས་འཕེལ་ཡང་དེ་རུ་འབྱོར། དེ་དུས་རྒན་པདྨ་རྒྱལ་མཚན་གྱིས་ཉེན་ཁ་ཨེ་ཡོད། བོད་རྒྱ་གཉིས་བར་འདུམ་བྱེད་རྒྱུ་ཡོད་འགྲོ་ཞེས་གསུངས། ཡིན་ཡང་ཁྱོད་གཉིས་རེབ་ཚ་རིན་པོ་ཆེའི་སྐུ་མདུན་དུ་འགྲོ་ན་བཟང་དང་། བསྡད་ན་བཟང་ཐུགས་བརྟག་ཞུ་བར་སོང་ཞེས་གསུངས་པ་བཞིན་རྒན་རིན་པོ་ཆེ་དང་ཆོས་ཕེལ་གཉིས་ནམ་མ་ལངས་གོང་ཙམ་ལ་སྒོ་མང་རེབ་ཚ་ཁམས་ཚན་དུ་རིན་པོ་ཆེ་ལ་ཐུགས་བརྟག་ཞུ་སྐབས། རེབ་ཚ་རིན་པོ་ཆེ་མཆོག་གིས་ངས་བཀྲ་ཕབ་མི་དགོས་རྒན་བཞུགས་ཕོད་ཡག་ཡོད་པ་མ་རེད་ངེས་པར་དུ་ཕེབས་ཤོག་ཞུས་ཨ། ང་འགྲོ་ངེས་ཡིན་ཡང་། ང་རྒྱ་དམག་གི་ལག་ནས་ཐར་ས་མ་རེད། ངས་བཀྲ་མང་པོ་ཕབ་ཀྱང་ག་དུས་ཡིན་ཡང་ང་རྒྱ་མིས་བཟུང་ཡོད་པ་རྐྱང་རྐྱང་ཤར་གྱི་འདུག ཡིན་ན་ཡང་ང་བློ་བདེའི་ཆེད་དུ་འགྲོ་མཁན་ཡིན་ཞེས་གསུངས། རེབ་ཚ་རིན་པོ་ཆེའི་ལུང་བསྟན་རྣམས་རྒན་པདྨ་རྒྱལ་མཚན་མཆོག་ལ་ཞུས། རྒན་གྱིས་ཨོ་རིན་པོ་ཆེའི་ལུང་བསྟན་ཐིག་པོ་ཡོད་གདའ་ཞེས་གསུངས།
དེ་རྗེས་ཡར་མར་བཀའ་མོལ་མང་པོ་གནང་ནས་ཉིན་གུང་ཆུ་ཚོད་གསུམ་པ་ཙམ་ལ་རྒན་རིན་པོ་ཆེ་མཆོག་ནས་རྒན་པདྨ་རྒྱལ་མཚན་མཆོག་གི་ཆོས་གོས་དང་སྣམ་སྦྱར་ཞལ་འདོན་ཕྱག་དཔེ་བཅས་ཁྱེར་ནས་བཙན་བྱོལ་དུ་ཕེབས། རྒན་རིན་པོ་ཆེའི་ལྷན་དུ་རྒན་པདྨ་རྒྱལ་མཚན་དང་། ཕ་ར་རྒན་ཚེ་རིང་བཀྲ་ཤིས། བླ་བྲང་གཉེར་པ་རྒན་ལྷུན་འགྲུབ། རོང་པོ་རྒན་ཆོས་མཛད་བཅས་གླིང་ཀ་ཕུགས་ནས་གར་གདོང་བརྒྱུད་ལྷོ་ཁ་གསུང་རབ་གླིང་དུ་ཕེབས། དེ་དུས་གནས་ཆུང་དང་། དགའ་གདོང་ཆོས་རྗེ་གཉིས་དང་། བློ་གླིང་ཚ་ཕྱག་བློ་བཟང་མཁྱེན་རབ་བཅས་འབྱོར་ནས་ཁོང་ཚོས་རྒན་པདྨ་རྒྱལ་མཚན་མཆོག་༸གོང་ས་མཆོག་གི་ཆིབས་ཞབས་སུ་རྗེས་ཟིན་པ་གནང་དགོས་གསུངས་པ་བཞིན་རྒན་པདྨ་རྒྱལ་མཆོག་སྔོན་དུ་ཕེབས་གནང་མཛད། རྒན་རིན་པོ་ཆེ་སྐུ་འཁོར་རྣམས་ཉིན་བཞུགས་ཞག་གནང་རིང་དགོན་བདག་བླ་མ་བགྲེས་སོང་ཞིག་གིས་རྒན་པདྨ་རྒྱལ་མཚན་མཆོག་གིས་འབོད་སྐུལ་ཞུས་པ་བཞིན་སྣེ་ལེན་གཟབ་རྒྱས་གནང༌།
ཉིན་བདུན་སོང་སྐབས་ལྕགས་ཟམ་ཆུ་བོ་རི་ནས་རྒྱ་དམག་ཡོང་བ་མཁྱེན་རྟོགས་བྱུང་ནས་མཚོ་སྣ་བརྒྱུད་ཆུ་དྭངས་མར་ཕེབས་སྐབས་རྒྱལ་རོང་མཁན་ཟུར་རིན་པོ་ཆེ་དང༌། ཤག་སྐོར་མཁན་རིན་པོ་ཆེ་རྒན་ཉི་མ་རྒྱལ་མཚན། སྐྱབས་རྗེ་བློ་ཆོས་རིན་པོ་ཆེ་སོགས་མང་པོ་དང་མཇལ་འཕྲད་བྱུང་། ཆུ་དྭངས་མ་ཞེས་པའི་རྒྱ་བོད་ས་མཚམས་སུ་ཡོད་པའི་དགེ་འདུན་པ་རྣམས་རྒྱ་གར་ནང་གཏོང་ཐེངས་གསུམ་གནང་སྐབས། རྒན་རིན་པོ་ཆེ་ཐེངས་གསུམ་པའི་ཁོངས་སུ་ཞུགས་ནས་མེ་ས་མ་རིར་ཕེབས། དེ་ནས་སྦག་ས་དང་ཌལ་ཧོར་སོགས་གང་ལ་ཕེབས་མཁན་ཡིན་མིན་མཐོ་འགོད་གནང་དགོས་པར་བརྟེན། རྒན་རྒྱལ་མཚན་རྣམ་གཉིས་ཀྱི་བཀའ་དགོངས་ལྟར་རྒན་རིན་པོ་ཆེ་རྒན་ཉི་མ་རྒྱལ་མཚན་དང་ལྷན་དུ་ཌལ་ཧོར་དུ་ཕེབས་ཏེ་ལོ་གསུམ་རིང་རྒན་ཉི་མ་རྒྱལ་མཚན་གྱི་སྐུ་མདུན་དུ་མཛོད་འདུལ་གཉིས་ཆ་ཚང་དང་། དེ་བཞིན་ཕར་ཕྱིན་དང་དབུ་མ་རྣམ་འགྲེལ་སོགས་དཔེ་འཁྲིད་མང་པོ་ཞུས་གནང་བར་མ་ཟད། ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེའི་སྐུ་མདུན་དུ་ལམ་རིམ་ཆེན་མོ་སོགས་ཀྱི་གསུང་ཆོས་ཡང་མང་པོ་ཞུས་གནང་མཛད།
ཞོར་དུ་དབྱིན་ཡིག་དང་ཧིན་སྐད་སོགས་ཕྱི་གླིང་པའི་སྐད་ཡིག་རིག་གནས་བཅས་ལ་ལེགས་པར་བསླབས། རྒན་རིན་པོ་ཆེ་ཌལ་ཧོར་རུ་བཞུགས་སྐབས་ཉིན་གུང་རྒན་ཉི་མ་རྒྱལ་མཚན་མཆོག་དང་ལྷན་དུ་ཁང་མིག་གཅིག་གི་ནང་དུ་བཞུགས་ཏེ་ཕྱག་དཔེ་གཟིགས་ནས་ཞོར་དུ་རྒན་ལ་ཞབས་ཞུ་བསྒྲུབས། མཚན་མོ་རུང་ཁང་ཆུང་ཆུང་ཞིག་ཡོད་པ་དེའི་ནང་དུ་གཟིམ་གནང་མཛད། དེ་དུས་ཌལ་ཧོར་དུ་བཞུགས་མཁན་བློ་གསལ་གླིང་གི་དགེ་འདུན་མང་ཆེ་བ་འདུལ་བ་འཛིན་གྲྭ་ནང་ཕེབས་ཟིན་པ་དང་། དབུ་མ་དང་། ཕར་ཕྱིན་འཛིན་གྲྭ་ཡིན་པ་འགའ་ཞིག་ལས་མེད། ལོ་གསུམ་གྱི་རྗེས་སུ་རྒན་རིན་པོ་ཆེ་མཆོག་རྒན་རྒྱལ་མཚན་རྣམ་གཉིས་ཀྱིས་བཀའ་ལྟར་སྦག་སར་ཕེབས་ནས་གསར་པ་རྣམས་ལ་དཔེ་འཁྲིད་དང་། ཡིག་གཟུགས་རིག་གནས་སོགས་སློབ་ཁྲིད་མཛད།
ཕྱི་ལོ་ ༡༩༦༩ ལོར་མོན་གྷོར་ཕེབས་ནས་སློབ་ཁྲིད་མུ་མཐུད་མཛད་ཞོར་གྲྭ་ཚང་གི་དྲུང་ཡིག་གི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༡ ལོར་ནུབ་ཕྱོགས་དབྱིན་ཡུལ་དུ་ཆོས་ཚོགས་ཤིག་གི་གདན་འདྲེན་ཞུ་སྐབས་རྒན་པདྨ་རྒྱལ་མཚན་མཆོག་གིས་ལོ་གསུམ་བཞུགས་ཆོག་པའི་གནང་བ་སྩལ་བ་བཞིན་དབྱིན་ཡུལ་དུ་ཕེབས་ནས་ཕྱི་གླིང་པ་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་ཞོར་གཟིམ་ཤག་ཏུ་དབྱིན་ཡིག་དང་ཚན་རིག་རང་སྦྱོང་ལེགས་པ་མཛད། ཕྱིས་སུ་རྒན་པདྨ་རྒྱལ་མཚན་མཆོག་ཆོས་ཚོགས་དེར་གདན་འདྲེན་ཞུ་སྐབས་རྒན་རིན་པོ་ཆེ་ཡང་བསྐྱར་ལོ་ལྔ་བཞུགས་ཆོག་པའི་གནང་བ་ཐོབ།
ཕྱི་ལོ ༡༩༨༩ ལོར་ྋགོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གི་བཀའ་དང་། གྲྭ་ཚང་དང་ཁམས་ཚན་བཅས་ཀྱི་རེ་འདུན་ལྟར་མོན་གྷོ་མཁས་མང་བློ་གསལ་གླིང་དུ་ཕེབས་ནས་ད་བར་ཕྱག་དཔེ་འཁྲིད་གནང་མཛད། རྒན་རིན་པོ་ཆེ་མཆོག་གིས་མཚམས་བསྙེན་སྒྲུབ་གནང་བའི་སྐབས་དང་། ལྷོ་ཕྱོགས་དཔལ་རི་སོགས་ལ་གནས་གཟིགས་ཕེབས་སྐབས། དེ་བཞིན་གཟིམ་ལམ་སོགས་ལ་དད་ལྡན་ཡིད་དབང་འཕྲོག་པའི་ངོ་མཚར་གྱི་རྟགས་མཚན་དུ་མ་ཡོད་ཀྱང་རྒན་གྱི་འདིར་བཀོད་ཆོག་པའི་གནང་མ་ཐོབ་པས་བྱེད་ཐབས་བྲལ། དད་ལྡན་རྣམས་ཀྱི་དེ་རྣམས་ཤེས་ན་ཆོས་ལ་དད་པ་དང་ཡིད་ཆེས་གོང་འཕེལ་དུ་འགྲོ་བ་ལ་ཕན་རླབས་ཆེ་བས་མཁྱེན་ཐབས་གྱིས། ལམ་སྟོན་བཀའ་སློབ་སྐོར་ནི་རྒན་རིན་པོ་ཆེའི་གལ་ཆེའི་བཀའ་སློབ་སྒྲ་འཛིན་འཁོར་ཐག་མང་པོ་བཞུགས་པའི་ནང་ནས་འདིར་དཔེ་མཚོན་ཞིག་བཀོད་ན། ཉིན་ཞིག་རྒན་རིན་པོ་ཆེའི་དཔེ་འཁྲིད་སྐབས་སུ་བླང་དོར་གྱི་བཀའ་སློབ་གནང་སྐབས་སུ་སློབ་གཉེར་དང་། སྒྲུབ་པ་ཉམས་ལེན་གནང་སྐབས་བར་ཆད་བྱུང་ན་བླ་མའི་རྣལ་འབྱོར་དང་འབྲེལ་ནས་ལྷ་དང་བླ་མ་དབྱེར་དུ་གསོལ་བ་འདེབས་པ་དང་། ཡང་ན་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་པ་ལས་ལྷག་པ་ཞིག་མི་འདུག དེ་གཉིས་གང་རུང་ལ་གསོལ་བ་བཏབ་ན་བར་ཆད་ལྡོག་མི་ཐུབ་པའི་དོགས་པ་གཏན་མི་དགོས་ཞེས་ཐུགས་བརྩེ་ཆེན་པོས་ཉམས་མྱོང་གི་ལམ་སྟོན་སྩལ་བ་ང་རང་གི་དངོས་སུ་ཐོས།
ཡང་རྒན་རིན་པོ་ཆེ་མཆོག་གིས་སློབ་གཉེར་གནང་བཞིན་པའི་དགེ་འདུན་རྣམ་པས་ཉམས་ལེན་གནང་ཕྱོགས་སྐོར་ལ་བཀའ་སློབ་གནང་དོན། ཞོགས་པ་སྔ་པོ་སྐུ་བཞེངས་གནང་ནས་ཡོན་ཆབ་སོགས་ཕུལ་རྗེས་མཆོད་པའི་གཟུངས་སྔགས་གསུངས་པ་དང་། བཅས་རྐྱང་གི་ལྟུང་བ་ཁེགས་པའི་ཕྱིར་དུ་དུས་དྲན་གནང་། དེ་བཞིན་དགའ་ ལྡན་ལྷ་བརྒྱ་མ་དང་འབྲེལ་ནས་དམིགས་བརྩེ་མའི་སྒོ་ནས་བདུད་བརྩི་འབེབས་སྦྱང་དང་། ཡོན་ཏན་གཞི་གྱུར་མ་དང་འབྲེལ་ནས་སྐྱེས་བུ་གསུམ་གྱི་ལམ་རིམ་ཤར་སྒོམ་གནང༌། མཐར་སྨོན་ལམ་གྱི་མཚམས་སྦྱོར་གནང་བ་ལྟ་བུ་རྒྱུན་མ་ཆད་གནང་བ་དང་། ཡང་ཡི་དམ་དཔལ་རྡོ་རྗེ་འཇིགས་བྱེད་ལྟ་བུ་གང་ཡང་རུང་བ་ཞིག་གཙོ་བོ་བསྟེན་ནས་དེའི་ཆོ་ག་ལ་རྒྱུས་ཡོད་པ་དང་། མཚམས་མཚམས་ལ་བསྙེན་པར་བཞུགས་པ་སོགས་གནང་ན་ཧ་ཅང་ཕན་རླབས་ཆེ་བ་ཉམས་མྱོང་གི་གྲུབ་ཅེས་གསུངས། ཉམས་ལེན་རྒྱུན་མཐུད་ནས་མ་གནང་བ་མཚམས་མཚམས་ལ་བསྙེན་པ་རེ་བཏང་ནས་བཞག་ན་ཕན་ཐོགས་དེ་ཙམ་ཡོང་མི་ཐུབ་ཅེས་ཐུགས་བརྩེ་ཆེན་པོའི་ལམ་སྟོན་གནང་བ་ལན་མང་ཐོས།
ཁོང་གི་གསུང་ལས་སྐྱེས་པའི་སློབ་མ་ནི། ད་ལྟའི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་སོགས་མཁན་ལས་ཟུར། ༸རྒྱལ་བའི་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་སོགས་རྒྱལ་སྲས་བླ་སྤྲུལ་ཆེས་མང་པོ་དང་། མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་ཕྱུག་བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན་ཡང་དེ་ལས་མང་བ་དང་། ཐོས་དོན་རྒྱུད་ལ་མངའ་བའི་སློབ་གཉེར་བ་སོགས་སློབ་མ་སྟོང་ཕྲག་མང་པོ་ལ་གཞུང་ཆེན་བཤད་ཁྲིད་ཀྱི་བཀའ་དྲིན་རྒྱ་ཆེར་སྐྱོང་གནང་མཛད།
ཁོང་གིས་ལྗགས་བརྩམས་གནང་བའི་གསུང་རབ་ལ་དབྱིན་ཡིག་ཐོག་སྐྱེས་བུ་གསུམ་གྱི་ལམ་རིམ་གནད་བསྡུས། དབྱིན་ཡིག་ཏུ་ཕབ་སྒྱུར་གནང་བའི་དབུ་མ་འཇུག་པ་དང་དེའི་འགྲེལ་བཤད། ྋགོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་ཆེད་དུ་ཚན་རིག་དང་ནང་པ་གཉིས་ཀྱི་ལུགས་ལ་ལུས་ཀྱི་དབང་རྩའི་རྣམ་གཞག་ཇི་ལྟར་འདོད་མིན་སྐོར་གྱི་ཚན་རིག་དང་ནང་པ་རྒྱས་པའི་ལྟ་གྲུབ་དང་། ཚན་རིག་སྐོར་ཤེས་བྱའི་ལང་ཚོ། བོད་ཀྱི་རིག་གནས་ཀྱི་བྱུང་བ་བརྗོད་པ། གསལ་རིག་སེམས་ཀྱི་གླེང་མོལ། ཐུབ་པ་ཚད་མ་སྒྲུབ་པའི་དགོངས་དོན་སྙིང་བསྡུས། དབུ་སེམས་ཀྱི་ལྟ་བ་དང་ཚད་མར་སྒྲུབ་པའི་ལེའུའི་སྙིང་དོན། མངོན་རྟོགས་རྒྱན་གྱི་ཚིག་དོན་བཅས་གསལ་བར་བསྟན་པའི་ལེགས་བཤད་ཨུཏྤལའི་གྲུ་ཆར། ཟབ་མོ་དབུ་མའི་ལྟ་བའི་སྐོར་ལ་དབུ་མ་རྟེན་འབྱུང་སྙིང་པོ། འདུལ་བའི་སྐོར་ལ་འདུལ་འགྲེལ་བློ་གསལ་འཇུག་ངོགས་གསེར་གྱི་ཐེམ་སྐས། མཛོད་ཀྱི་སྐོར་ལ་མཛོད་འགྲེལ་ཆོས་མངོན་དཔག་བསམ་འདོད་འཇོ། སྔགས་ཀྱི་སྐོར་ལ་གསང་སྔགས་རྒྱུད་སྡེ་བཞིའི་ས་ལམ་མཁས་གསུང་གཅེས་བཏུས་ལེགས་བཤད་རིན་ཆེན་ཕྲེང་བ། ཕ་ར་མཁན་ཆེན་རྗེ་བཙུན་པདྨ་རྒྱལ་མཚན་གྱི་མཛད་རྣམ་སོགས་ལེགས་བཤད་རྨད་དུ་བྱུང་བ་དུ་མ་ལྗགས་བརྩམས་མཛད།
རྒན་རིན་པོ་ཆེའི་གཞུང་ཆེན་སྐོར་གྱི་གསུང་རྩོམ་འདི་དག་ནི་ཐོག་མར་༸གོང་ས་མཆོག་གིས་རྩོམ་འབྲི་ཐུབ་ན་ཡག་པོ་འདུག་ཅེས་བཀས་སྐུལ་མཛད་པ་དང་། རྒན་རིན་པོ་ཆེ་མཆོག་གིས་གླེགས་བམ་རེ་རེ་ཕྱག་བྲིས་གནང་ཟིན་མཚམས་སུ་པར་སྐྲུན་མ་གནང་གོང་ཟིན་བྲིས་རྣམས་ྋགོང་ས་མཆོག་ལ་སྤྱན་འབུལ་ཞུས་ནས་ྋགོང་ས་མཆོག་གིས་འདི་བཞིན་པར་སྐྲུན་གནང་དགོས་པ་བཀའ་ལན་སྩལ་རྗེས་པར་སྐྲུན་གནང་བ་ཤ་སྟག་ཡིན། སྤྱིར་སྙིགས་མ་ལྔ་དུས་དང་། ཡང་སྒོས་བོད་ཀྱི་ཆོས་སྲིད་ཆེས་ཤིན་ཏུ་ཉག་ཕྲ་བའི་དུས་སུ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་པ་གཡོལ་དུ་མེད་པའི་ད་ལྟའི་གདན་སའི་སློབ་གཉེར་བ་ལ། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ཐུགས་རྒྱུད་ལ་མངའ་བ། ལྟ་སྒོམ་སྤྱོད་གསུམ་དང་། འཆད་རྩོད་རྩོམ་གསུམ་ལ་མཁས་པའི་དབང་པོ་འདི་ལྟ་བུའི་མགོན་དང་བཅས་པ་ནི་ཆེས་ཤིན་ཏུ་ནས་སྐལ་པ་བཟང་། རྒན་རིན་པོ་ཆེ་ད་ཆ་སྐུ་ན་བགྲེས་པོ་ཕེབས་ཟིན་ཡོད་ཀྱང་དུས་ད་ལྟ་ཡང་གཞུང་ཆེན་མོ་འཆད་སྤེལ་གནང་བཞིན་བཞུགས་སོ།།
འདི་ཡན་ ༢༠༡༤ ལོར་བྲིས། དགུང་གྲངས་ ༨༡ ལ་ཕེབས་སྐབས་ཕྱི་ལོ་ ༢༠༡༥ ཟླ་བ་ ༨ ཚེས་ ༡༨ ཉིན་གྱི་དགོང་མོར་རྒན་དགོངས་པ་རྫོགས་ལ་ཉེ་སྐབས་༸གོང་ས་མཆོག་གིས་ཞལ་པར་བརྒྱུད་ནས་བཀའ་སློབ་སྩལ་གནང་མཛད། བཀའ་སློབ་གནང་ནས་རིང་པོར་མ་སོང་བ་ཆུ་ཚོད་ ༧:༥ ཐོག་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་ཕ་ར་ཁམས་ཚན་གཟིམ་ཤག་ཏུ་སྐུ་མྱ་ངན་ལས་འདས། ཁོང་གི་སྐུ་ཕུང་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྒན་ཐུབ་སྟོབས་མཆོག་དབུ་བཞུགས་མཛད་ནས་ཕ་ར་ཁམས་ཚན་གྱི་ཆོས་རའི་ནང་ཞུགས་འབུལ་གནང་། འཛམ་གླིང་གང་སར་ཡོད་པའི་ཁོང་གི་དད་ལྡན་སློབ་བུ་ཚོས་ཆོས་འབུལ་རྒྱ་ཆེར་བསྒྲུབས་ཡོད། གང་གི་སློབ་མའི་གྲལ་མཐའ་ཁོད་པ་དགེ་བཤེས་མཁྱེན་ཆོས་རྒྱས་ནས་ ༢༠༢༣ ཟླ་བ་ ༨ ཚེས་ ༡༨ ཉིན་མོན་ཡུལ་དབུ་ཧི་མ་ལ་ཡའི་ལེགས་བྱང་མཐོ་རིམ་སློབ་གཉེར་ཁང་ནས་རྒན་རིན་པོ་ཆེ་མཆོག་ལ་རྗེས་དྲན་ཞུ།
ཡོང་ཁུངས། ནུབ་མ་པ་སངས་ནོར་བུའི་ངོ་དེབ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།