སྔོན་འགྲོ་ཡིག་ངག་སྦྱོར་བ་དང་ལ་སྟོད་གཞས་རྙིང་ཕྱོགས་བསྒྲིགས་སྒྲ་ལྡན་འཕྲུལ་གྱི་མེ་ལོང་།

སྔོན་འགྲོ་ཡིག་ངག་སྦྱོར་བ་དང་ལ་སྟོད་གཞས་རྙིང་ཕྱོགས་བསྒྲིགས་སྒྲ་ལྡན་འཕྲུལ་གྱི་མེ་ལོང་།
གདམ་བུ་བསྟན་འཛིན་ལགས་ཀྱིས་བརྩམས་གནང་བའི་ཕྱག་དེབ་གསར་པ། སྔོན་འགྲོ་ཡིག་ངག་སྦྱོར་བ་དང་ལ་སྟོད་གཞས་རྙིང་ཕྱོགས་བསྒྲིགས་སྒྲ་ལྡན་འཕྲུལ་གྱི་མེ་ལོང་ཞེས་པ་འདི་ཉིད་ངོ་སྤྲོད་རོབ་ཙམ་ཞུ་རྒྱུར།
ཕྱག་དེབ་འདིའི་མིང་ལ། ༼སྔོན་འགྲོ་ཡིག་ངག་སྦྱོར་བ་དང་ལ་སྟོད་གཞས་རྙིང་ཕྱོགས་བསྒྲིགས་སྒྲ་ལྡན་འཕྲུལ་གྱི་མེ་ལོང་།༽ ཞེས་དང་། དེབ་འདིར་ས་བཅད་ཆེན་པོ་བརྒྱད་དང་། ཤོག་གྲངས་ལྔ་བརྒྱ་ཉི་ཤུའི་བདག་ཉིད་དུ་གྲུབ།
ས་བཅད་དང་པོར་གླེང་བརྗོད་དང་། དེའི་ནང་མཆོད་བརྗོད་དང་། དེབ་འདིའི་དགོས་སོགས་ཆོས་བཞི་གསལ་འདུག །དེབ་འདིའི་བརྗོད་བྱ་གཙོ་བོ་ལ་སྟོད་ཁུལ་གྱི་དང་པོའི་གཞས་རྙིང་ཡིན་པ་དང་། དེའི་རང་བཞིན་དང་ཁྱད་ཆོས་ནི་གདངས་དལ་ལ་རིང་བ། ལྷོད་ལ་སྙན་པ། གཞས་ཚིག་ཀྱང་ཕྱི་ཡུལ་གྱི་བཀོད་པ་དང། ནང་བཅུད་ཀྱི་སེམས་ཅན་རྣམས་ཞི་བདེ་བག་ཕེབས་སུ་གནས་པའི་ཚུལ་ཇི་བཞིན་གསལ་བས། དེའི་རྒྱུ་མཚན་དུ་རྩོམ་པ་པོས། “བྱམས་དང་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་དུ་གྲགས་པའི་ཡུལ་ཁ་བ་ཅན་འདིར། སྐྱེ་བོ་རྣམས་ལས་འབྲས་ཚུལ་བཞིན་བསྲུངས་ཤིང་། བྱམས་བརྩེ་ཀུན་ལ་བསྒོམས་པའི་འབྲས་བུར་མི་དང་སྒོ་ཕྱུགས་སེམས་ཅན་ཙམ་མ་ཟད་འདབས་ཆགས་དང་། གཅན་གཟན། རི་དྭགས་སོགས་ཀྱང་ཞི་བདེ་དང་བག་ཕེབས་ཀྱི་ངང་དུ་གནས་པའི་དད་རྟགས་ཡིན་” ཞེས་གསུངས་ཏེ། གཞས་རྙིང་གི་གདངས་དལ་པོ་དང་རིང་པོ་ཡོད་པ་དེ་དག་ནང་གི་སེམས་ཁམས་ཞི་བདེ་བག་ཕེབས་དང་འབྲེལ་བ་ཡོད་པར་གསལ་འདོན་གནང་འདུག
ས་བཅད་གཉིས་པར། བོད་མི་རིགས་ཀྱི་རིག་གཞུང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ལ་སྟོད་ཁུལ་ནས་བྱོན་པའི་མཁས་དབང་རིམ་བྱོན་རྣམས་ལ་རྗེས་དྲན་གནང་འདུག དེ་ཡང་སྒྲུབ་རྒྱུད་སྲོག་འཛིན་རྗེ་བཙུན་མི་ལ་ཡབ་སྲས། བྱང་ཆུབ་འོད་ཀྱི་བཞེད་དགོངས་ལྟར་ཇོ་བོ་རྗེ་བོད་དུ་གདན་འདྲེན་གནང་མཁན་ནག་ཚོ་ལོ་ཙཱ་བ། ཞི་བྱེད་བདག་པོ་དམ་པ་ཀུན་དགའ། བོན་བསྟན་གསང་སྔགས་བཀའ་བབས་སྤ་དཔལ་མཆོག མ་གཅིག་ཞྭ་མ། གྲུབ་ཆེན་ཨོ་རྒྱན་དཔལ། ལོ་ཙཱ་བའི་མཆོག་གྱུར་དང་། བོད་ལ་སྙན་གཞུང་སྒྱུར་མཁན་ཤོང་སྟོན་ལོ་ཙཱ་བ། དཔང་ལོ་ཙཱ་བ། སྟོད་འབྲུག་ཡབ་གཅིག་རྒྱལ་བ་ཡང་དགོན་པ། ས་སྐྱའི་དཔོན་ཆེན་སོགས་ཚིག་རྐང་ཉི་ཤུའི་ལམ་ནས་གསལ་བརྗོད་གནང་འདུག
ས་བཅད་གསུམ་པར། དེབ་འདིའི་ཁྱད་ཆོས་གསུངས། དེ་ཡང་ཁྱད་ཆོས་གཙོ་བོ་གསུམ་ལས། དང་པོ། དེང་སང་གཞས་རྙིང་གཏོང་མཁན་དང་ཤེས་མཁན་ཇེ་དཀོན་འགྱུར་བཞིན་པ་དང་། སྦྱོང་འདོད་ཡོད་མཁན་རྣམ་པར་ཡང་སྐོར་བསྐྱར་སྐོར་དུ་ཉན་རྒྱུའི་གོ་སྐབས་མེད་པ། གཞས་རྙིང་དལ་དྲགས་ཏེ་གཞས་ཚིག་གོ་དཀའ་བས། དེབ་འདིར་སྲོལ་རྒྱུན་ཡི་གེ་གཞས་ཚིག་དང་དེང་རབས་ཚན་རྩལ་གྱི་འཕྲིན་ཆས་རྩ་གཉིས་ཨང་རྟགས་ཀྱི་བཤེར་བྱ་ཟུང་དུ་སྤྱད་དེ་གསན་གཟིགས་ཅིག་ཅར་དུ་ཆོག་པ་འདི། དེབ་འདིའི་ཁྱད་ཆོས་དང་པོར་གསུངས་ལ། ཁྱད་ཆོས་འདི་ལྟར་གསལ་བའི་བོད་ཡིག་གི་དེབ་ཐོག་མའང་འདི་ཉིད་ཡིན་པར་གསུངས་པ་དོན་ལ་གནས།
གཉིས་པ། ད་ཕན་གཞས་ཚིག་ཡིག་ཐོག་ཏུ་ཕབ་པའི་ཕྱག་དེབ་རེ་ཟུང་ཡོད་མོད། གཞས་ཚིག་རྐྱང་པ་ལས་འདྲེན་འགུག་གི་གདངས་མི་གསལ་ལ་ཚིག་གི་གཅོད་མཚམས་ཀྱང་ཚིགས་བཅད་བཞིན་བྲིས་པ་ལས་གཞས་གཏོང་སྟངས་བཞིན་མཚམས་བཅད་མེད་པས་གཏོང་དཀའ་བ། ཡང་འགའ་ཞིག་ནི་གཞས་ཚིག་ནང་ཨ་ལ་དང་ཡ་ལ་སོགས་འདྲེན་འགུག་གི་གདངས་དབྱངས་མཉམ་དུ་བསྲེས་པས་ཅི་ཡང་མི་གོ་བའི་ཚད་དུ་ཡོད། དེས་ན་དེབ་འདིར་ཨ་ལ་སོགས་འདྲེན་པའི་དབྱངས་དང་། ཡ་ལ་སོགས་འགུག་པའི་གདངས་རྣམས་ལ་རྟགས་མི་འདྲ་བ་ {ཨ་ལ } [ཡ་ལ་] འདི་བཞིན་བཀོད་ནས་གསལ་བར་དབྱེ་ཞིང་། ཡུལ་སྐད་དང་བརྡ་རྙིང་དག་ལ་མཆན་བཀོད་དེ་ཚིག་ངེས་བདེ་ལ་གླུ་ལེན་སླ་བ་ཡོད་པ་དེབ་འདིའི་ཁྱད་ཆོས་གཉིས་པར་གསུངས།
གསུམ་པ། ཡུལ་གང་ཞིག་ཡིན་ཡང་བསྐུངས་ཡིག་དར་ཤོས་ཀྱི་དུས་དེ་ནི་ཡུལ་དེའི་ཤེས་རིག་དར་ཤོས་ཀྱི་དུས་དེ་ཡིན་པས་རང་རེ་གངས་ཅན་གྱི་ལྗོངས་འདིར་ཡང་ཤེས་རིག་དར་ཤོས་ཀྱི་སྐབས་གང་ཞིག་ལ། ལ་སྟོད་ནི་ཤེས་རིག་གི་ལྟེ་གནས་ལྟ་བུ་ཞིག་ཆགས་ཡོད་པ་ཡུལ་སྐད་དང་བརྡ་རྙིང་གིས་ཕྱུག་པའི་ལ་སྟོད་ཀྱི་མཁས་དབང་དུ་མའི་མཛད་རྣམ་དང་བརྩམས་ཆོས་བགྲང་ལས་འདས་པ་དག་ལས་ཤེས་ཐུབ་པས། རྩོམ་པ་པོ་ཁོང་ལ་སྟོད་པ་ཡིན་པས་ཡུལ་སྐད་ལ་བྱང་ཆ་ལྡན་པས་གཞས་རྙིང་དུ་གསལ་བའི་ལ་སྟོད་པའི་ཡུལ་སྐད་དང་། བོད་ཀྱི་བརྡ་སྤྲོད་གཞུང་ལ་དཔྱད་བསྡུར་བྱེད་ཐུབ་པའི་དགེ་མཚན་དེས། དེབ་འདི་བརྒྱུད་ལ་སྟོད་ཀྱི་ཡུལ་སྐད་ལ་རྒྱུས་མངའ་ཡོང་བ་དང་། དེས་ལ་སྟོད་ཀྱི་མཁས་དབང་རིམ་བྱོན་ཚོའི་གསུང་གནད་ཅན་དག་མཇལ་བར་ཡང་ཕན་ནུས་ཡོང་ངེས་བ་ནི་དེབ་འདིའི་ཁྱད་ཆོས་གསུམ་པར་གསུངས།
ས་བཅད་བཞི་པར། ལ་སྟོད་ཁུལ་གྱི་སྐད་དང་བོད་ཀྱི་བརྡ་སྤྲོད་པའི་གཞུང་དབར་དཔྱད་བསྡུར་གནང་འདུག ས་བཅད་འདི་བོད་ཀྱི་སྐད་བརྡར་སློབ་སྦྱོང་དང་ཞིབ་འཇུག་པ་ཚོར་བླ་མེད་ཀྱི་རིན་ཐང་ལྡན། འདིའི་ནང་རྩོམ་པ་པོས་བོད་ཀྱི་ཡིག་སྐད་ལ་བཅངས་པའི་བརྩེ་ཞེན་དང་། དེས་དྲངས་པའི་མཐོང་ཆོས་ཀྱི་ཉེན་ཁ་མང་པོ་གསལ་བརྗོད་གནང་འདུག དེ་ཡང་དཔེར་ན། བོད་ཀྱི་བརྡ་སྤྲོད་པ་ནི་དབུས་གཙང་གི་ཡུལ་སྐད་ལ་བསྟུན་པར་གནང་ཡང་། ད་ལྟའི་དུས་སུ་དབུས་སྐད་ལ་འགྱུར་བ་འགྲོ་དང་འགྲོ་མུས་ཡིན་ལ། མདོ་དབུས་ཁམས་གསུམ་གྱི་མི་མང་པོ་འཛོམས་སའི་རྒྱ་བལ་གཉིས་སུ་བོད་ཀྱི་ཡུལ་གང་གི་སྐད་ཀྱང་མ་ཡིན་ལ། བོད་ཡིག་གི་གཞུང་དང་ཡང་མི་མཐུན་པའི་སྐད་ཅིག་དར་བཞིན་པས་སྐད་ཆ་གསར་པ་མང་པོ་ཞིག་མ་དག་རྒྱུན་འབྱམས་འགྲོ་བཞིན་པར་གསུངས་ཏེ། ཡུལ་ལུང་སོ་སོའི་ཁ་སྐད་ལ་དོ་སྣང་དང་བརྡ་སྤྲོད་པའི་གཞུང་ལ་སློབ་སྦྱོང་བགྱིས་ཏེ་ཡུལ་སྐད་སྣེ་མང་དུ་མི་གྱེས་པར་འབད་བརྩོན་གནང་དགོས་པར་ནན་བརྗོད་གནང་འདུག མ་ཟད་ལ་སྟོད་ཁུལ་གྱི་ཡུལ་སྐད་ནི་རྩ་བའི་དབུས་གཙང་གི་སྐད་དང་མཐུན་པ་གང་ཞིག་ཕྱིས་སུ་འགྱུར་ལྡོག་དེ་ཙམ་ཆེན་པོ་བྱུང་མེད་པས། བོད་ཀྱི་སྐད་བརྡ་རིག་པར་ཞིབ་འཇུག་བྱེད་པའི་དཔྱད་གཞི་རིན་ཐང་བྲལ་བ་ཞིག་དང་། ཡུལ་དེའི་སྐད་དང་ཡིག་སྐད་དབར་གྱི་འབྲེལ་བ་ཤེས་ན། བོད་ཡིག་གི་དག་ཆ་ཡང་དཀའ་ཚེགས་མེད་པར་གསུངས་ཏེ། དཔེར་ན། ལ་སྟོད་ཀྱི་སྐད་དུ་ཚིག་ཁྱིམ་རྗེས་མའི་སྔོན་འཇུག་དེ་ཚིག་ཁྱིམ་སྔོན་མའི་རྗེས་འཇུག་ལྟར་བརྗོད་པས། བཞི་བཅུུ་ལ་ཞིབཅུ། ལྔ་བཅུ་ལ་ལྔབཅུ། དགུ་བཅུ་ལ་དགུབཅུ། སྐུ་མདོག་ལ་སྐུམདོག ཚེ་མདུད་ལ་ཚེམདུད། རྟ་མགྲིན་ལ་རྟམགྲིན་སོགས་ཤིན་ཏུ་མང་བས་ཁ་སྐད་དང་ཡིག་སྐད་ཀྱི་འབྲེལ་བ་ཤེས་ན་དག་ཡིག་ལའང་བརྟེན་མི་དགོས་པར་སྔོན་རྗེས་ཡོད་མེད་དང་། དེ་དག་གང་ཡིན་སྐད་ནས་ཧ་ཅང་གསལ་བར་གོ་ཐུབ་པའི་ཁྱད་ཆོས་ལྡན་པར་གསུངས། དེ་བཞིན་མིང་མཐའི་པ་བ་སོགས་ལ་སྟོད་སྐད་དུ། ཚིག་ཁྱིམ་སྔོན་མའི་རྗེས་འཇུག་དེས་རང་དང་མཐུན་པར་དྲངས་པ། དཔེར་ན། ཡག་པ་ལ་ཡག་ག །སྡུག་པ་ལ་སྡུག་ག །ཆུང་བ་ལ་ཆུང་ང་། ཡང་བ་ལ་ཡང་ང། ཡོད་པ་ལ་ཡོད་ད། མེད་པ་ལ་མེད་ད་སོགས་ཤིན་ཏུ་མང་། འདི་དག་ཀྱང་གཞུང་སུམ་ཅུ་པའི་དགོངས་དོན་དང་མཐུན་ཏེ། སྤྱིར་སུམ་ཅུ་པ་ནི་གཙོ་བོ་རྗེས་འཇུག་བསྟན་པའི་གཞུང་ཡིན་པ་དང་། དེའི་དབང་གིས་ཕྲད་གཞན་དབང་ཅན་རྣམས་རྗེས་འཇུག་ལ་བརྟེན་ནས་སྦྱོར་བ། སླར་བསྡུའི་སྐབས་མིང་མཐའི་རྗེས་འཇུག་གང་ཡིན་པ་དེ་ལ་དབྱངས་སྦྱར་ཏེ་ཕྱིན་ནོ་ལྟ་བུ། དེ་ཡང་གཙོ་བོ་སྒྲ་མཐུན་པར་སྦྱོར་བ། རྟགས་མཐུན་པར་སྦྱོར་བ། སྐྱེ་གནས་མཐུན་པར་སྦྱོར་དགོས་པ་སོགས་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་པར་གསུངས་པ་སོགས་དཔྱད་བསྡུར་ཞིབ་ཕྲ་གནང་འདུག་པས། བོད་ཀྱི་སྐད་བརྡ་རིག་པར་དོ་དབྱིངས་ཅན་ཚོས་ངེས་པར་དུ་དེབ་འདིར་གཟིགས་དགོས་པ་གལ་ཆེར་མཐོང་།
ས་བཅད་ལྔ་པར། གཞས་རྙིང་གཏོང་དུས་ཀུན་སློང་ཇི་ལྟར་ཁྱེར་དགོས་མིན་མཁས་པའི་གསུང་ལ་གཏུགས་ཏེ་ཞིབ་གསལ་བྲིས་འདུག་ལ། ད་ཡོད་གཞས་རྙིང་ཁག་ཁུངས་ཇི་ལྟར་བཙུན་མིན་ཡང་གཙོ་ཆེ་གོ་ལོ་ཐོས་ལོ་ཙམ་མིན་པར། མི་རབས་ནས་མི་རབས་ལ་བརྒྱུད་ཡོང་བའི་གཞས་དེ་རྣམས་སྔར་གྱི་རྒན་རབས་རྣམས་ཀྱིས་ཇི་ལྟར་ལེན་པ་དེ་ལྟར་ཇི་མ་ཇི་བཞིན་ལད་མོ་བྱ་རྒྱུ་དེ་ཁོ་ན་ཁུངས་དག་དང་། ལད་ཟློས་བྱ་ཡུལ་དེ་ཁུངས་བཙུན་ཡིན་མིན་སོགས་ནི་གཞུང་ལུགས་ནང་ཁྲིད་རྒྱུན་དང་ལུང་རྒྱུན་ཞེས་བརྩི་སྲོལ་མཆིས་པ་ལྟར་ངའི་གཞས་འདི་གཞན་དཔོན་དེ་དང་དེ་ནས་སྦྱངས་པ་ཡིན། དེ་དང་མཐུན་གྱི་ཡོད་ལྟ་བུའི་ཁུངས་ལུང་འདྲེན་ཐུབ་དགོས་པ་གསལ་འདོན་གནང་འདུག་ལ། འདིར་འཁོད་གཞས་རྣམས་ཀྱང་གོ་ལོ་ཐོས་ལོར་མ་བཞག་པར་ས་གནས་ས་ཐོག་ཏུ་དངོས་སྐྱོད་ཀྱིས་གཞོན་དཔོན་སོགས་མྱོང་འདྲིས་ཅན་རྣམས་ངོ་ཐུག་ཞིབ་འཇུག་བགྱིས་ཏེ་མཐར་གཏན་ལ་ཕབ་པ་ཁོ་ནར་ཟད།
ས་བཅད་དྲུག་པར། གཞས་རྙིང་ཁག་གི་མིང་དང་གཞས་པ་གཞས་མའི་མཚན་དང་འཁྲུངས་ཡུལ་འཁྲུངས་ལོ་བཅས་ཁ་གསལ་ཞིབ་ཚགས་བཀོད་འདུག དེ་ཡང་གཞས་རྙིང་མི་འདྲ་བ་གྲངས་ ༢༥༥ དང་གཞས་པ་གཞས་མའི་མཚན་ཁྱོན་བསྡོམས་ ༢༥༥ གསལ་བ་འདི་ཁོ་ནས་ཀྱང་རྩོམ་པ་པོས་སྐུ་ལས་ཇི་ཙམ་སྐྱོན་མིན་ཟུར་བལྟས་ལེབ་མཐོང་ཡིན།
ས་བཅད་བདུན་པར། གོང་ཞུས་གཞས་རྙིང་ཁ་གྲངས་དེ་དག་རེ་རེ་བཞིན་ཡིག་ཐོག་བཀོད་གནང་ཞིང་། དེ་དག་ཀྱང་གླེང་བརྗོད་ནང་གསལ་ལྟར་འདྲེན་འགུག་མཚོན་པའི་ཨ་དང་ཡ་སོགས་དེའི་མཚོན་བྱེད་ཀྱི་རྟགས་སོ་སོར་བཀོད་དེ་གཞས་ཚིག་ཡིན་དང་འདྲེན་འགུག་ཡིན་གསལ་ཁ་ཕྱེ་ཐུབ་པ་དང་། ཁ་སྐད་ཡིན་པའི་ཚིག་ཕྲད་རྣམས་ཀྱི་མཐར་བོད་ཀྱི་བརྡ་སྤྲོད་པའི་རྣམ་གཞག་དང་མཐུན་པར་ཕྲད་རྣམས་སྦྱར་བ་མ་ཟད། ཁ་སྐད་ཚིག་རེ་ཟུང་ཡོད་པ་དག་ལའང་དེང་དུས་ཞིབ་འཇུག་བྱེད་ཐབས་སྤྱད་དེ་འོག་མཆན་བཀོད་པ། དེ་བཞིན་གཞས་ཚིག་འགར་མི་མཐུན་པ་ཡོད་ཚེ། དེ་དག་སྣང་ཆུང་སྐྱུར་བཞག་མ་བྱས་པར་དཔྱད་གཞིར་ཟུར་བཀོད་བཅས་གནང་འདུག འདིར་གཞས་རྙིང་ཞིག་དཔེ་མཚོན་དུ་བཀོད་ན། {ཨ་} འཛམ་བུ་གླིང་ལ་གང་ངི་[གི་]ཐོགས་པ་མེད། འཛམ་བུ་གླིང་ལ་གསེར་གྱི་ཐོགས་པ་མེད། {ལ་}སེར་པོ་གསེར་གྱི་གསེར་ཉམས་མ་ཆོད་ན། གསེར་ར་གན་གཉིས་ལ་ནོར་སྲོལ་ཡོད། {ཨ} འཛམ་བུ་གླིང་ལ་གང་གི་ཐོགས་པ་མེད། འཛམ་བུ་གླིང་ལ་གཡུ་ཡི་ཐོགས་པ་མེད། སྔོན་མོ་གཡུ་ཡི་གཡུ་ཉམས་མ་ཆོད་ན། གཡུ་དོ་ལོ་གཉིས་ལ་ནོར་སྲོལ་ཡོད། ཅེས་པ་ལྟ་བུས་མཚོན་ནོ།།
ས་བཅད་བརྒྱད་པར། དེབ་འདིའི་སྦྱོར་དངོས་རྗེས་གསུམ་ཞིབ་གསལ་བཀོད་འདུག དེ་ཡང་གཅེན་པོ་བཟང་པོས་གཞས་རྙིང་གླེང་ཞེས་པའི་འཕྲིན་ཕྲན་ཚོགས་པ་ཞིག་བཙུགས་པའི་ནང་། གཞས་པ་གཞས་མ་མང་པོས་གཞས་རྙིང་ལེན་གྱི་ཡོད་པ་དང་། སྐབས་ཤིག་རྩོམ་པ་པོ་ཁོང་ནས་གཞས་རྙིང་རེ་ཟུང་ཡི་གེར་ཕབ་སྟེ་ཚོགས་པའི་ནང་བསྐུར་བས་མི་མང་པོས་དགའ་པོ་གནང་བ་ལས་དེབ་འདིའི་ཐོག་མའི་སྟ་གོན་དེ་ནས་དབུ་ཚུགས། དེ་ནས་རིམ་བཞིན་གཉེན་ཉེ་དང་གྲོགས་བཟང་། དགེ་རྒན་བཟང་པོའི་ལམ་སྟོན་བཅས་ལས་དམིགས་ཡུལ་སྔར་ལས་ཇེ་ཆེར་གྱུར་པ་དང་། དཀའ་ཚེགས་ཀྱང་ཇེ་ཆེར་གྱུར་པ་སྨོས་མེད་ཀྱང་། རང་མི་རིགས་ཀྱི་རིག་གཞུང་རྩ་ཆེན་འདི་དག་མི་རབས་ཕྱི་མ་ཚོར་བརྒྱུད་སྤྲོད་དགོས་པ་འདི་རང་འཁྲིའི་ཁུར་དུ་མ་སོང་བར་རྒྱན་དུ་བསམས་ཏེ། ལོ་ངོ་གསུམ་གྱི་དུས་ཡུན་རིང་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་མཐར་ཡལ་ལ་ཉེ་བའི་བོད་མི་རིགས་ཀྱི་རིག་གཞུང་རྩ་ཆེན་འདི་ཡིག་ཐོག་ཏུ་བཀོད་ཐུབ་པ་ཙམ་དུ་མ་ཟད། སྦྱོང་འདོད་པ་རྣམས་ནས་ཀྱང་འཕྲིན་ཆས་རྩ་གཉིས་ཨང་རྟགས་བཤེར་བྱ་སྤྱད་དེ་བདེ་བླག་ངང་སྦྱོང་ཐུབ་པའི་ཁྱད་ཆོས་དུ་མས་ཕྱུག་པའི་དེབ་འདི་ལེགས་གྲུབ་བྱུང་འདུག མཐར་བཀའ་དྲིན་ཅན་གྱི་ཁོང་གི་ཕ་མ་གཉིས་པོས་གཙོས་སེམས་ཅན་ཀུན་ལ་དྲིན་གསོའི་རྟེན་དུ་དེབ་འདི་བསྔོ་བ་གནང་འདུག་པ་བཅས་སོ། །ཞོར་འཕྲོས་སུ་ཕྱག་དེབ་འདིས་ཡལ་ལ་ཉེ་བའི་བོད་རང་གི་སྲོལ་རྒྱུན་རིག་གཞུང་འགངས་ཆེ་ཞིག་སྲུང་སྐྱོབ་ཐུབ་པས་གཞོན་སྐྱེས་ཚོས་ཐུགས་སྣང་མང་ཙམ་ཡོང་ཕྱིར་ངོ་སྤྲོད་ཅུང་ཟད་བགྱིས་ཁུལ་ལགས།
སྐྱིད་བྱམས་བསྟན་འཛིན་དགའ་བའམ་ཚེ་བརྟན་བཀྲ་ཤིས་ཀྱི་ངོ་དེབ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།