བལ་ཡུལ་གྱི་གནས་བཤད་ངོ་མཚར་གཏམ་གྱི་རོལ་མོ།

བལ་ཡུལ་གྱི་གནས་བཤད་ངོ་མཚར་གཏམ་གྱི་རོལ་མོ།

བལ་ཡུལ་གྱི་གནས་བཤད་ངོ་མཚར་གཏམ་གྱི་རོལ་མོ།

 

དེབ་འདིའི་ནང་དོན་གཙོ་བོ་བལ་ཡུལ་ཏེ་ནེ་པཱལ་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དག་མདོ་རྒྱུད་ནས་ལུང་གིས་ཟིན་པ་མཆོད་རྟེན་རྣམ་གསུམ་གཙོ་བོར་གྱུར་པ་དང་གཙུག་ལག་ཁང་སོགས་མཆོད་ཡུལ་གྱི་རྟེན་དུ་མས་ཁེངས་ནས་ཡོད་པ་རྣམས་ཕྱག་མཆོད་བདེ་བའི་ཆེད་ལྷ་ཁང་སོ་སོའི་བཞུགས་གནས་དང་རྟེན་གྱི་ངོ་བོ་གང་ཡིན་ངོ་སྤྲོད་ཁ་གསལ་འཁོད་པ་གནས་སྐོར་བ་རྣམས་ལ་ཕན་ཐོགས་ཆེ་ངེས་འདུག་པས་ཡིད་སྨོན་བྱུང་།

ལྷག་པར་བོད་མི་རྣམས་དང་དམིགས་བསལ་འབྲེལ་ཡོད་མཆོད་རྟེན་རྣམ་གསུམ་གྱི་ལོ་རྒྱུས་རྒྱས་བཤད་ཐོག་གསེར་ཟངས་ཀྱི་ན་བཟའ་འབུལ་རྒྱུས་མཚོན་ཉམས་གསོའི་ཐུགས་འགན་ཡོངས་རྫོགས་དུས་རབས་སྔ་རྗེས་སོ་སོར་བོད་ཀྱི་བླ་མ་སྐྱེས་ཆེན་རྣམས་ཀྱིས་བདག་རྐྱེན་གནང་བ་མ་ཟད། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་ནས་བཟུང་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་གནས་འཛིན་རིམ་བྱུང་གི་ཕོགས་ཐོབ་བོད་གཞུང་ནས་གནང་བ་དང་། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ་རྣམ་གཉིས་ནས་ཀྱང་ཉམས་གསོའི་ཐུགས་འགན་བཞེས་པའི་ལོ་རྒྱུས་ཁ་གསལ་ཐོག ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་བལ་བཟའ་ཁྲི་བཙུན་གྱི་ཡབ་མེས་ལིཙྪ་བིའི་རྒྱལ་པོ་ཤི་བ་དེ་བས་བཞེངས་པའི་གཙུག་ལག་ཁང་དང་། ཡབ་རྒྱལ་པོ་ཨུ་ད་ཡ་དེ་བ་སྟེ་འོད་ཟེར་ལྷ་ཞུ་བའི་ལྷན་དུ་བོད་ཀྱི་རྒྱལ་སར་སྐྱབས་བཅོལ་དུ་ཕེབས་པའི་གཅུང་པོ་ལིཙྪ་བིའི་རྒྱལ་པོ་ན་རེནྡྲ་དེ་བ་ཆོས་རྒྱལ་སྲོང་བཙན་གྱི་དམག་རོགས་དང་བཅས་བལ་ཡུལ་དུ་ཕེབས་ཏེ་རྒྱལ་སྲིད་བདག་གིར་བཞེས་ནས་ཇོ་བོ་ཨ་ཁཾ་དང་བུ་ཁཾ་གཉིས་ཀྱི་གཙུག་ལག་ཁང་གསར་བཞེངས་གནང་བ་སོགས་ཉམས་ཞིབ་ཚད་ལྡན་གནང་བའི་གནས་བཤད་ངོ་མཚར་གཏམ་གྱི་རོལ་མོ་ཞེས་པའི་དཔེ་དེབ་འདི་དོན་དངོས་དད་ལྡན་རྣ་བའི་བུ་རམ་དུ་མངོན་པས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཨ་རིའི་གྲོང་ཁྱེར་བྷོས་ཊོན་དུ་རྟེན་གཞི་བྱས་པའི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་ནས་ཉམས་ཞིབ་པ་བློ་བཟང་ཤཱསྟིས།

 

རྩོམ་པ་པོའི་ལོ་རྒྱུས་སྙིང་དོན།

བུར་སྲས་པ་རིན་ཆེན་དར་ལོ་ནི། ཕྱི་ལོ་ ༡༩༤༨ ལོར་ཡབ་ཇ་དཔོན་ངག་དབང་དཀོན་མཆོག་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་སུ་གཉའ་ནང་བུར་སྲས་པའི་ཁྱིམ་ཚང་དུ་བཙས། ༡༩༥༩ ལོར་བཙན་བྱོལ་དུ་གྱར། ༡༩༧༢ ལོར་གཞུང་ཞབས་སུ་འཛུལ་རྗེས་བལ་ཡུལ་༸སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ཐོག་ལྗོ་བ་ལ་ཁེལ་དང་ཤར་ཁུམ། སྤོག་ར་བཀྲིས་དཔལ་འཁྱིལ་བཅས་པའི་བཟོ་གྲྭ་གསུམ་དང་། གདན་ཚོང་ཀམ་པ་ནི། གངས་སེང་དགེ་རྩ་བཅས་པའི་འགན་འཛིན་ཚོགས་མིའི་འགན་ཁུར་ཞུས། གཞིས་ཆགས་སློབ་གྲྭ་མེད་སར་སློབ་གྲྭ་གསར་འཛུགས་ཐོག་བལ་གཞུང་གི་དོ་དམ་འོག་ཚུད་པའི་གློ་སྒྲིག་འགོ་ཁྲིད་བདུན་གློད་དཀྲོལ་འགན་ཁུར་རྐང་ལེན་དང་། གཉེན་འཕྲད་དུ་ཕེབས་པའི་བོད་མིའི་སྣེ་ལེན་ཚོགས་ཆུང་གསར་འཛུགས་ཞུས། བལ་གཞུང་དྲིལ་བསྒྲགས་ལས་ཁུངས་ཆེད་རྒྱལ་པོའི་སྲིང་གཞུང་དང་རྒྱལ་པོ་བྷི་རེན་དྲ་མཆོག་གི་མཛད་རྣམ་དེབ་ཆུང་གཉིས་བོད་ཡིག་ཏུ་ཕབ་བསྒྱུར་ཐོག་གནས་ཡིག་ངོ་མཚར་གཏམ་གྱི་རོལ་མོ་དང་གཉའ་ནང་ཚོང་འདུས་པའི་བུ་ཚ་རྒྱལ་ཁམས་པ་ཞེས་པའི་དེབ་གཉིས་བརྩམས། ༡༩༨༦ ལོར་ཨ་རིར་གནས་འཕོ་གནང་སྟེ་༸སྐུ་ཚབ་དོན་ཁང་གི་ལས་འགན་སྤྱི་དང་། ལྷག་པར་ཨ་རི་ནང་ཁུལ་དང་ཁེ་ན་ཌ། མེག་སི་ཀོ ཅི་ལི། ཀོསིཊ་རི་ཀ བྷེརེཛིལ། ཨར་ཇིན་ཊི་ན། ཝེ་ནེ་ཛུ་ཡ་ལ། ནི་ཀ་ར་གོ་ཝ། ཊིརི་ནི་ཌཊ་དང་ཊོ་བེ་གོ་བཅས་པར་༸གོང་ས་མཆོག་གི་ཆིབས་བསྒྱུར་སྔ་ ༡༨ ཕེབས་བསྒྲིགས་དང་ཨི་སི་ར་ཡལ་དུ་ཆིབས་བསྒྱུར་ཐེངས་དང་པོའི་ཆིབས་བསུ་བཅར། བོད་མི་ཆིག་སྟོང་ཨ་རིར་གཞིས་ཆགས་ཆེད་ཚོགས་ཆུང་གི་ཚོགས་གཙོའི་འགན་ཁུར་ཐོག་ཨ་རིའི་ས་གནས་ཇི་སྙེད་ལ་བོད་རིགས་སྤྱི་མཐུན་ཚོགས་པ་གསར་འཛུགས་ཞུས། (Temple of Understanding) ཞེས་པ་ཆོས་ལུགས་ཕན་ཚུན་གོ་རྟོགས་གོང་སྤེལ་ཚོགས་པའི་རྒྱུན་ལས་དང་། ༡༩༨༨ ལོར་ལོན་ཌོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལྷན་འཛོམས་ཚོགས་འདུ་ཆེན་མོའི་འགན་འཛིན་ཚོགས་མི། ནིའུ་ཡོག་བོད་ཁང་དང་ཝ་ཤིང་ཊོན་རྒྱལ་སྤྱིའི་བོད་དོན་རྒྱབ་གཉེར་ཚོགས་པའི་འགན་འཛིན་ཚོགས་མི། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་ཁང་གི་བྱང་ཨ་རིའི་འཆར་འགོད་ལྷན་ཚོགས་ཀྱི་ཆོས་ཕྱོགས་སློབ་སྟོན་ཚོགས་མིའི་འགན་ཁུར་ཞུས། བོད་ཀྱི་ཐེབས་རྩའི་ངེས་སྟོན་པའི་ལས་འགན་ཐོག་རྒྱ་བལ་འབྲུག་གསུམ་དུ་བོད་མིའི་གཞིས་ཆགས་དང་། སློབ་གྲྭ དགོན་པ། རྒས་གསོ་ཁང་། སྨན་ཁང་སོགས་ལ་རོགས་སྐྱོར་ཐོག་ཨ་རི་གཞུང་གི་རོགས་རམ་ཨ་སྒོར་ས་ཡ་མང་པོ་དང་སྒེར་གྱི་རོགས་རམ་དོན་གཉེར་ལས་གཞིའི་འཛིན་སྐྱོང་དང་། བོད་ནང་དུའང་གཙོ་བོ་ཤེས་རིག་དང་འཕྲོད་བསྟེན་ཆེད་རོགས་སྐྱོར་ཞུས། བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་གཅེས་སྐྱོང་ཁང་གི་ཚོགས་གཙོའི་ལས་འགན་ཐོག་༢༠༠༠ ལོར་རྒྱལ་ས་ཝ་ཤིང་ཊོན་དུ་བོད་ཀྱི་དམངས་ཁྲོད་རིག་གཞུང་དུས་སྟོན་ཆེན་མོའི་ལས་ཁུར་ཞུས། སྐབས་དེར་༸གོང་ས་མཆོག་ཆིབས་སྒྱུར་གནང་པའི་བདུན་གཉིས་ཀྱི་དུས་སྟོན་དེར་ལྟ་སྐོར་བ་མི་གྲངས་འབུམ་ ༡༥ ཙམ་འདུ་འཛོམས་བྱུང་ཡོད། གཞུང་མང་གི་ཞབས་འདེགས་ལོ་ ༤༦ ཞུས་རྗེས་རྒས་ཡོལ་གྱིས་ད་ལྟ་ནིའུ་ཡོག་ཏུ་ཁ་འདོན་དགེ་སྦྱོར་དང་། དཔེ་དེབ་རྩོམ་འབྲི་ཞུ་བཞིན་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།