བོད་ཡིག་རྩོམ་སྒྲིག་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གཏན་ཕབ་འགའ།

བོད་ཡིག་རྩོམ་སྒྲིག་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གཏན་ཕབ་འགའ།

༄༅། །བོད་ཡིག་རྩོམ་སྒྲིག་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གཏན་ཕབ་འགའ།

 

ཉེ་བའི་ལོ་འགའི་ནང་དུ་དཔེ་སྐྲུན་ཁང་སོ་སོའི་བོད་ཡིག་གི་དཔེ་དེབ་དང་དུས་དེབ། ཚགས་པར་བཅས་ཀྱི་རྩོམ་སྒྲིག་སྤུས་ཚད་ལ་ཞིབ་བཤེར་བྱས་པ་ལས་རྣམ་དབྱེ་ཚིག་ཕྲད་ཀྱི་ཐོབ་ཐང་ནོར་བ་དང་། བྱ་ཚིག་གི་དུས་གསུམ་རྣམ་གཞག་དང་འགལ་བ། ཐ་སྙད་སྤྱོད་སྟངས་འོས་འཚམ་མ་ཡིན་པའམ་སྔ་ཕྱི་མི་མཐུན་པ་སོགས་ཀྱི་སྐྱོན་བྱུང་སྟེ།

དཔེ་སྐྲུན་གྱི་སྤུས་ཚད་ལ་གནོད་པ་མི་ཆུང་བ་ཞིག་ཐེབས་ཡོད་པ་མཐོང་བས། དེང་ཕྱིན་འགལ་སྐྱོན་འདི་རིགས་མི་འབྱུང་བ་དང་། བོད་ཡིག་རྩོམ་སྒྲིག་ཚད་ལྡན་དུ་གཏོང་ཕྱིར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་གྲོས་གཞི་བཏོན་པ་ལྟར། རྒྱལ་ཡོངས་བོད་ཡིག་དཔེ་དེབ་པར་སྐྲུན་འགྲེམས་སྤེལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བཅུ་གཉིས་པའི་མཉམ་འབྲེལ་གྲོས་ཚོགས་སྟེང་དུ་ནན་ཏན་གྱིས་གཟིགས་ཞིབ་གྲོས་བསྡུར་བཟོ་བཅོས་བཅས་བྱས་ཐོག ཉེར་མཁོའི་བླང་བྱ་འགའ་ཁོལ་གྱིས་ཕྱུང་སྟེ། གཏན་དུ་ཕབ་པ་གཤམ་གསལ་ལྟར།

 

དང་པོ། པ་དང་བའི་འཇུག་ཚུལ་སྐོར།

པ་བའི་འཇུག་ཚུལ་མཁས་པའི་བཞེད་པ་མི་འདྲ་ཡང་། ཡུན་རིང་གི་དཔེ་སྐྲུན་ལག་ལེན་མྱོང་གོམས་ལྟར་ན་འདི་ལྟར་བྱ་སྟེ། བདག་སྒྲ་དངོས་ལ་འཇུག་པའི་སྐབས་སུ། “བདག་པོའི་སྒྲ་ལ་པ་ཉིད་ཐོབ” ཅེས་པའི་བཞེད་པ་ལྟར། ཐོབ་ཐང་ལ་མ་བལྟས་པར་པ་ཡིག་ཁོ་ན་སྦྱར་བར་བྱ་སྟེ་དཔེར་ན་མཁས་པ། རྟ་པ། བཟོ་པ། ཞིང་པ་ལྟ་བུའོ། །པ་བ་གཉིས་མིང་མཐའ་ལ་འཇུག་པའི་སྐབས་སུ། “ག་ད་བ་ས་ན་མ་པ། ང་འ་ར་ལ་མཐའ་མེད་བ” ཞེས་པའི་ཐོབ་ཐང་ལྟར་སྦྱར་བར་བྱ་སྟེ། དཔེར་ན། མཛད་པ། རྒྱག་པ། ཁང་བ། རལ་བ་ལྟ་བུའོ།།

པོ་དང་བོ་གཉིས་ཀྱང་གོང་ལ་རིགས་བསྒྲེས་ནས་ཤེས་པར་བྱ་ཡང་ཨང་གནས་སྟོན་པའི་དང་པོ། བཞི་པ། ལྔ་པ། དགུ་པ། བཅུ་པ་སོགས་དང་། དངོས་པོའི་ཁ་མདོག་སྟོན་པའི་དཀར་པོ། དམར་པོ། སེར་པོ་ལྟ་བུ་ནི་ཐོབ་ཐང་ལྟར་ན་བོ་ཡིག་འཇུག་ཀྱང་། ལུགས་གོམས་པའི་རྗེས་སུ་འབྲངས་པའི་ཤུགས་ཀྱིས་ཁྱེར་ཏེ། པོ་ཡིག་འབྲི་ཚུལ་ཤས་ཆེ་བར་གྱུར་པས་ན། དམིགས་བསལ་གྱི་པ་དང་པོ་སྦྱར་བར་བྱའོ། །

གཞན་ཡང་མཁས་པའི་གསུང་འབུམ་རྩོམ་སྒྲིག་བྱེད་པའི་སྐབས་སུ། གལ་སྲིད་མཁས་པ་དེ་རང་ཉིད་ལ་བརྡ་སྤྲོད་ཀྱི་གཞུང་ལུགས་དང་ལྟ་བ་ངེས་ཅན་ཞིག་ཡོད་པ་ཡིན་ན། ཁོང་གི་བཞེད་པ་དང་རྩོམ་གྱི་ཁྱད་ཆོས་མ་ཉམས་པར་མཚོན་ཕྱིར། རང་སོར་བཞག་ན་འགྲིག རྩོམ་གཅིག་གི་ནང་དུ་ཕྲད་གཅིག་སྔ་ཕྱིར་བྱུང་ན་ཅིས་ཀྱང་སྔ་ཕྱི་གཅིག་གྱུར་ཡོང་བར་བྱ།

 

གཉིས་པ། “ཤད”ཀྱི་འཇུག་ཚུལ་སྐོར།

ཤད་ནི་བོད་ཡིག་གི་ཚིག་མཚམས་སྟོན་བྱེད་ཀྱི་རྟགས་ཤིག་ཡིན་པས། སྔར་བཞིན་སྤྱད་པར་བྱ་སྟེ། ཆིག་ཤད། (།) —ཚིག་ལྷུག་གི་དོན་མ་རྫོགས་པའི་ཚིག་མཚམས་དང་། ཚིགས་བཅད་ཀྱི་རྐང་བའི་མཐའ་མའི་ཡིག་འབྲུ་གའམ་ཤ་ཡིག་གི་མཐར་ཆིག་ཤད་འཇུག་པར་བྱ། འོན་ཀྱང་ཚིག་ལྷུག་གི་མཐའ་མའི་ཡིག་འབྲུ་གའམ་ཀའམ་ཤ་ཡིག་ཡིན་ན། དེ་དག་གི་རྐང་བས་ཕུར་ཤད་ཀྱི་གོ་ཆོད་པར་བྱས་པས། ཆིག་ཤད་ཀྱང་ཕྲི་བར་བྱའོ། །ཉིས་ཤད། (།།) —ཚིག་ལྷུག་གི་མཐར་རྫོགས་ཚིག་ཡོད་པ་དང་ཚན་པ་ཆེན་པོ་ཞིག་རྫོགས་པ། དུས་དེབ་བམ་ཚགས་པར་སྟེང་གི་རྩོམ་ཐུང་ཞིག་རྫོགས་པ། དེ་མིན་ཚིགས་བཅད་གྱི་རྐང་བའི་མཐར་ཉིས་ཤད་འཇུག་པར་བྱའོ། །བཞི་ཤད། (།། །།) —བསྟན་བཅོས་ཤིག་གི་མཇུག་རྫོགས་པའི་མཐར་བཞི་ཤད་འཇུག་པར་བྱའོ། ། རིན་ཆེན་སྤུངས་ཤད། (༑) —ཤད་འདི་ནི་གཙོ་ཆེར་ཚིག་ངོས་མཛེས་བྱེད་ཀྱི་བཟོ་ལྟ་ཙམ་ལས་དོན་གྱི་དགོས་མཁོ་ཆེར་མེད་པའི་ཐོག ཡི་གེ་བཏགས་སྒྲིག་གི་ལས་ཀར་དཀའ་ཁག་བཟོ་བས། སྟབས་བདེའི་ཆེད་དུ་དེང་ཕྱིན་པར་སྐྲུན་གྱི་ཐད་སྤྱོད་མཚམས་གཞག་པར་བྱའོ། ། སྦྲུལ་ཤད། (༈) —ཤད་འདི་ནི་གཙོ་ཆེར་དོན་ཆེན་པོ་ཞིག་རྫོགས་ཏེ་སླར་ཡང་དོན་གཞན་ཞིག་གི་མགོ་ཚུགས་པའི་དོན་སྟོན་པ་ཡིན། ད་ལྟའི་པར་ཡིག་ཐོག་སྤྱིར་བཏང་དུ་ཕྲེང་འོག་མ་ནས་མགོ་འཛུགས་པས་ཆོག་པར་བྱས་པས། རང་ཤུགས་སུ་སྤྱོད་མཚམས་བཞག་པ་ཡིན་ཡང་། གལ་ཏེ་ཕྲེང་མ་བསྣོལ་པར་བསྒྲིག་ན་སྤྱད་པའི་དགོས་པ་ཡོད་དོ། ། གཞན་ཡང་ཚིག་མཐར་ང་ཡིག་ཐོབ་ཚེ། ང་དང་ཤད་ཀྱི་བར་ཚེག་མ་བརྒྱབ་ན། ང་ནི་པ་རུ་ནོར་ཉེན་ཆེ་ཕྱིར། མཐར་ཅིས་ཀྱང་ཚེག་རྒྱག་དགོས།

 

གསུམ་པ། དབུ་ཁྱུད་སྐོར།

དབུ་ཁྱུད་ནི་བོད་ཡིག་གི་ཐོག་མའི་མགོ་རིས་ཡིན་པས་མུ་མཐུད་དུ་སྤྱོད་པའི་དགོས་པ་ཡོད་དེ། ལྷག་པར་དུ་གནའ་དཔེ་དག་སྒྲིག་དང་དཔེ་ཆའི་མིང་བྱང་འབྲི་སྐབས་དགོས་པ་ཆེ། ཡིན་ནའང་གསར་དུ་བརྩམས་པའི་དཔེ་ཆ་དང་དུས་དེབ། ཚགས་པར་བཅས་ཀྱི་སྟེང་དུ་དགོས་མིན་རང་མོས་བྱས་ན་འཐུས། བཞི་པ། ད་དྲག་གི་སྐོར། ད་དྲག་སྟེ་ཡང་འཇུག་ད་ཡིག་ནི་རྗེས་འཇུག་ན་ར་ལ་གསུམ་གྱི་རྗེས་སུ་འཇུག་པ་དང༌། དེ་ལས་གྲུབ་པའི་བྱ་ཚིག་འདས་པ་དང་སྐུལ་ཚིག་ལ་འཇུག་པ་ཕལ་ཆེ་བར་ད་དྲག་ཐོབ་པ་ནི་སུམ་རྟགས་ཀྱི་གཞུང་ལས་གཏན་དུ་ཕབ་པ་དེ་ལྟར་ཡིན། དེས་ན་ད་དྲག་འཐོབ་མིན་གྱི་དབང་གིས་ཕྲད་ཀྱི་ཐོབ་ཐང་ཡང་མི་འདྲ་བས། རྩོམ་སྒྲིག་སྐབས་སུ་དོན་ལ་ལེགས་པར་དཔྱད་དེ། ད་དྲག་འཐོབ་མིན་གྱི་ཁྱད་པར་གསལ་བོར་དབྱེ་དགོས།

 

ལྔ་པ། བྱ་ཚིག་གིས་གྲུབ་པའི་མིང་གི་སྐོར།

བོད་ཡིག་ནང་དུ་བྱ་ཚིག་གིས་གྲུབ་པའི་མིང་ནི་ཤིན་ཏུ་མང་ཞིང་རྒྱུགས་ཆེ་བ་ཡིན་ཡང་། འབྲི་ཚུལ་ལ་ནོར་འགལ་བྱུང་བ་མང་དུ་མཐོང་། སྤྱིར་བཏང་དུ་བྱ་ཚིག་གིས་གྲུབ་པའི་མིང་གང་ཞིག་ཡིན་ཡང་། དེ་དངོས་པོ་བདག་དང་འབྲེལ་བ་ཡིན་ན་བྱ་ཚིག་ད་ལྟ་བས་གྲུབ་པ་ཡིན་ཏེ། དཔེར་ན། ཡིག་སྒྱུར། རྩོམ་སྒྲིག ལག་འཛིན། མགོ་འཁྲིད། སྒྲོལ་མ་ལྟ་བུའོ། །དངོས་པོ་གཞན་དང་འབྲེལ་བ་ཡིན་ན་བྱ་ཚིག་མ་འོངས་པ་ལས་གྲུབ་པ་ཡིན་ཏེ། དཔེར་ན། བསླབ་གཞི། འབུད་དཀྲོལ། གདུལ་བྱ་ལྟ་བུའོ། །འོན་ཀྱང་མིང་ལ་ལ་ནི་བརྗོད་བདེའི་དབང་གིས་བྱ་ཚིག་མ་འོངས་པའམ་འདས་པ་ལས་གྲུབ་ཅིང་གཏན་འཇགས་སུ་གྱུར་པའང་ཡོད་དེ། དཔེར་ན། དྲིལ་བསྒྲགས། (འདས་པ) ཐུགས་བསྐྱེད། (མ་འོངས་པ་དང་འདས་པ) འགག་ཡིག (མ་འོངས་པ) ལྟ་བུ་ནི་འཇགས་གོམས་སུ་སོང་ཟིན་པས་རང་སོར་བཞག་པར་བྱའོ།།

 

དྲུག་པ། བྱ་ཚིག་གི་སྐོར།

བྱ་ཚིག་གི་དུས་གསུམ་རྣམ་གཞག་སྐོར་ལ་བརྡ་སྤྲོད་སྨྲ་བ་ཚོའི་བཞེད་པ་མི་མཐུན་པ་མང་ཞིང་འབྲི་ཚུལ་ཡང་རྣམ་པ་སྣ་ཚོགས་བྱུང་བས། རེ་ཞིག་གཅིག་གྱུར་ཡོང་དཀའ་ཡང་། རང་རེའི་དཔེ་ཆ་དང་དུས་དེབ། ཚགས་པར་བཅས་ཀྱི་སྟེང་དུ་གཅིག་གྱུར་ཡོང་བ་བྱེད་ཆེད་དུ་གཏན་དུ་ཕབ་པ་འདི་ལྟར། བྱ་ཚིག་གི་དུས་གསུམ་རྣམ་གཞག་ནི་ཅིས་ཀྱང 《བོད་རྒྱ་ཚིག་མཛོད་ཆེན་མོ་》 དང་། ཡང་ན 《དག་ཡིག་གསར་བསྒྲིགས》 ཚད་མར་གཟུང་བར་བྱ་སྟེ། རྩོམ་སྒྲིག་པ་རང་ཉིད་ཀྱི་ཡུལ་སྐད་གོམས་ཤུགས་ཀྱི་རྗེས་སུ་འབྲང་བར་མི་བྱའོ། །གནའ་དཔེའམ་ལྷག་པར་དུ་བརྡ་སྤྲོད་ཀྱི་གཞུང་ལུགས་སྨྲ་བ་པོའི་གསུང་རྩོམ་ཡིན་ན། གཅིག་ན་རྩོམ་གྱི་ཁྱད་ཆོས་མ་ཉམས་པར་བྱེད་པ་དང་། གཉིས་ན་བརྡ་སྤྲོད་སྨྲ་བ་པོའི་ལྟ་བ་མཚོན་པའི་ཕྱིར་དུ་མ་བཅོས་སུ་མི་རུང་བའི་བྲིས་ནོར་ཡིན་པ་མ་གཏོགས། སྤྱིར་བཏང་དུ་བཟོ་བཅོས་མི་བྱའོ། །ཡིན་ནའང་བྱ་ཚིག་སྔ་ཕྱིར་འབྲི་སྟངས་སྣ་ཚོགས་འབྱུང་བའི་གནས་ཚུལ་ཅིས་ཀྱང་སྤང་དགོས། བྱ་ཚིག་ལ་ལར་དུས་གསུམ་གྱི་རྣམ་གཞག་ཤིན་ཏུ་གསལ་ཡང་དེང་གི་སྐད་ཆའི་གོམས་ཤུགས་ཀྱིས་ཁྱེར་ནས་དུས་གཅིག་གིས་གསུམ་གའི་གོ་ཆོད་པར་བྱས་པའང་ཡོད། དཔེར་ན། བཤད་བྱ། འཆད་བྱེད། བཤད་ཟིན་ལྟ་བུ་ལ་ད་ལྟའི་དུས་དེབ་དང་ཚགས་པར་སྟེང་དུ་ཕལ་ཆེ་བར་ “བཤད” གཅིག་པུས་དུས་གསུམ་གའི་གོ་ཆོད་པར་བྱས་པ་དང་འཚང་རྒྱ་བ་(མ་འོངས་དང་ད་ལྟ་བ) སངས་རྒྱས་པ་(འདས་པ) ལྟ་བུ་ལ་སངས་རྒྱས་པ་གཅིག་པུས་གོ་ཆོད་པར་བྱས་པ་ལ་དུས་རབས་དང་བསྟུན་པའི་དགོས་པ་ཡོད་པས། གང་བདེར་སྤྱད་ཆོག་གོ །ད་ལྟའི་རྩོམ་ཡིག་དང་ཡིག་ཆའི་ནང་དུ་ག་གེ་མོ་ཞིག “བྱ་དགོས” སམ་ཡང་ན་ག་གེ་མོ་ཞིག “བྱེད་དགོས” ཞེས་འབྲི་ཚུལ་མི་མཐུན་པ་མང་དུ་མཐོང་བ་ལ་ཞིབ་ཏུ་བརྟགས་ན། “བྱེད་དགོས” ཞེས་པ་ནི་ངག་ཐོག་ཏུ་བརྗོད་བདེ་ཙམ་དུ་སྣང་ཡང་། དུས་གསུམ་གྱི་དབྱེ་བ་ལྟར་ན། བྱ་བ་དེ་ད་དུང་མ་འོངས་པའི་གནས་སྐབས་སུ་ཡོད་པ་ཤིན་ཏུ་གསལ་བས། ཅིས་ཀྱང་བྱ་དགོས། བསྟེན་དགོས། བསྒྲུབ་དགོས་ཞེས་བྲི་བར་བྱའོ། །དུས་དེབ་དང་ཚགས་པར་གྱི་ནང་དུ་སྐབས་འགར་ཡུལ་སྐད་བྲིས་པ་མཐོང་ཡང་། དེ་ནི་རྩོམ་གྱི་དགོས་མཁོའམ་ཡང་ན་ཡིག་སྐད་དུ་དེར་མཐུན་ཞིང་འཚམ་པའི་མིང་བརྡ་མེད་པའི་དབང་གིས་སྤྱད་པ་ཡིན་ཕྱིན་སྣང་དོགས་ཅི་ཡང་མེད་མོད། འོན་ཀྱང་ཡུལ་སྐད་ཀྱི་མིང་བརྡ་གང་ཞིག་ཡུལ་དེ་རུ་འདི་ལྟར་བཤད་ཀྱང་། ཡུལ་གཞན་དག་ཏུ་ལྡོག་ཕྱོགས་སུ་འགྲོ་ཉེན་ཡོད་ཚེ་གཟབ་དགོས་ཏེ་དཔེར་ན “ཐོན” ཞེས་པ་ནི་ཨ་མདོའི་སྐད་དུ་ “སླེབས” པའི་དོན་དུ་བཤད་ཀྱང་། དབུས་གཙང་གི་སྐད་དུ་ཕྱིར་བུད་པའི་དོན་དུ་གོ་བས། ཕྱིན་ཆད་འདི་དང་འདི་རིགས་མི་སྤྱད་པར་བྱ། གལ་སྲིད་རྩོམ་གྱི་ཁྱད་ཆོས་སམ་སྐད་ཆའི་བཟོ་ཉམས་མི་འཆོར་བའི་ཕྱིར་དུ་ཅིས་ཀྱང་སོར་བཞག་བྱེད་པ་ཞིག་ཡིན་ན། ཡུལ་སྐད་དེ་ཡི་ཕྱི་མར་གུག་རྟགས་ () བཞག་སྟེ། དེའི་ནང་དུ་ཡིག་སྐད་ཀྱི་གོ་དོན་ཅི་ཞིག་ཡིན་པ་བྲི་བར་འཚལ།

 

བདུན་པ། དྲི་ཚིག་གི་སྐོར།

བོད་ཡིག་གི་ནང་དུ་དྲི་བའི་དོན་ལ་འཇུག་པའི་ཕྲད་ནི་གང་དང་སུ་དང་ཅི་སོགས་ཡིན་ཏེ། འོན་ཀྱང་ད་ལྟའི་དུས་དེབ་དང་ཚགས་པར་གྱི་སྟེང་དུ་གང་ལ་འགྲོ་བ་ཡིན་ནམ། ཁྱོད་སུ་ཡིན་ནམ། དོན་ཅི་ཞིག་ཡོད་དམ་ཞེས་དྲི་བའི་སྟེང་དུ་ཐེ་ཚོམ་གྱི་དོན་ཡང་སྦྱར་བས། མི་དགོས་བཞིན་དུ་གོ་དོན་རྙོག་པ་ཤིན་ཏུ་གསལ། དེས་ན་དེང་ཕྱིན་དྲི་ཚིག་ཡིན་ན་སྤྱི་སྒྲ་སྦྱར་བས་ཆོག་པར་བྱའོ། །

 

བརྒྱད་པ། མི་རིགས་གཞན་གྱི་མི་མིང་ས་མིང་གི་སྒྲ་འབེབས་སྟངས་སྐོར།

ད་ཕན་བོད་ཡིག་གི་དཔེ་ཆ་དང་དུས་དེབ། ཚགས་པར་བཅས་ཀྱི་ནང་དུ། མི་རིགས་གཞན་ནམ་ཡང་ན་རྒྱལ་ཁབ་གཞན་གྱི་མི་མིང་དང་ས་མིང་གི་སྒྲ་འབེབས་སྟངས་གཅིག་སྡུད་ཀྱི་ཚད་གཞི་ཞིག་མེད་པས། སྒྲ་གཅིག་ལ་འབྲི་ཚུལ་སྣ་ཚོགས་བྱུང་ནས་རྙོག་དྲ་བཟོ་བཞིན་ཡོད་པས་ན། དེང་ཕྱིན་གཅིག་གྱུར་དང་སྟབས་བདེ་པོ་ཡོང་ཆེད། གཤམ་གྱི་དོན་ཚན་འགའ་བརྩི་སྲུང་བྱ། མིང་བདག་པོའི་རྗེས་སུ་འབྲང་བའི་དཔེ་ལྟར། མི་རིགས་གང་ཞིག་གམ་རྒྱལ་ཁབ་གང་ཞིག་གི་མི་མིང་དང་ས་མིང་ཡིན་ཕྱིན། མི་རིགས་དེའམ་རྒྱལ་ཁབ་དེ་གའི་སྐད་ཀྱི་སྒྲ་ཇི་བཞིན་དུ་ཡི་གེར་དབབ་དགོས། སྤྱིར་བཏང་དུ་གླིང་དང་རྒྱལ་ཁབ་ཀྱི་མིང་ཡིན་ཕྱིན། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་ 《རྒྱ་བོད་ཤན་སྦྱར་ཚིག་མཛོད》 ནང་གི་གླིང་དང་རྒྱལ་ཁབ་ཀྱི་མིང་འབྲི་སྟངས་ལ་བསྟུན་ནས་བྲི་བར་བྱའོ། །རྒྱ་ཡིག་གི་མི་མིང་དང་ས་མིང་ནི་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་ 《རྒྱ་བོད་ཤན་སྦྱར་ཚིག་མཛོད》 ནང་གི 《རྒྱ་བོད་སྒྲ་སྒྱུར་ཤན་སྦྱར་གྱི་རེའུ་མིག》 ནང་ལྟར་སྒྲ་དབབ་པར་བྱ། སྒྲ་སྒྱུར་གྱི་མིང་བོད་ཡིག་ཏུ་འབེབས་སྐབས། ཀློག་པ་པོས་བཀླག་བདེ་བའི་ཕྱིར་དུ་དབྱངས་ཡིག་བརྩེགས་ཅན་ཧྥུ་ལ་ཧྥུའུ་དང་། ཡི་གེ་བརྩེགས་ཅན་ཏི་ལ་དྷི་ཞེས་མི་དགོས་བཞིན་དུ་ཡིག་ཚོགས་མང་བོར་མི་གཏོང་བར་སྟབས་བདེ་བྱའོ།།

 

དགུ་པ། རྒྱའི་ཚེག་ཤད་ (标点符号) སྐོར།

སྤྱིར་བོད་རང་ལ་ཚེག་ཤད་ཡོད་པས་དེ་སྤྱད་པས་ཆོག་ཀྱང་དུས་རབས་ཀྱི་འཕོ་འགྱུར་དང་རིག་གནས་གོང་འཕེལ་གྱི་དབང་གིས་བོད་ཀྱི་སྔར་ཡོད་ཚེག་ཤད་ཀྱིས་ད་དུང་མི་ལྡང་བའི་གནས་ཚུལ་ལའང་མང་དུ་ཐུག་པས། བོད་ཀྱི་རིག་གནས་སྤྱིའི་དགོས་མཁོར་གཞིགས་ནས་བལྟས་ན། རྒྱའི་ཚེག་ཤད་འགའ་ཤས་ནི་བོད་ཡིག་ལའང་ཉེ་བར་མཁོ་སྟེ། དཔེར་ན།

དཔེ་རྟགས། (书名号)- (《》, <>) རྩོམ་ནང་དུ་བཏོན་པའི་དཔེ་དེབ་ཚགས་པར། རྩོམ་ཡིག རེའུ་མིག་ལ་སོགས་པའི་མིང་མཚོན་བྱེད་ཡིན། དཔེ་རྟགས་འདི་མཐོང་བ་ཙམ་གྱིས་དཔེ་མིང་ཞིག་ཡིན་པ་ཤེས་ཐུབ་པའི་ཡོན་ཏན་ལྡན།

འདྲེན་རྟགས། (“”, ‘”) འདི་ནི་རྩོམ་ནང་དུ་མི་གཞན་པའི་ཚིག་ཐད་ཀར་དྲངས་པའི་མཚོན་བྱེད་ཡིན་པས། རིག་གཞུང་ཆེད་རྩོམ་དང་སྒྲུང་གཏམ་ལ་སོགས་པའི་ནང་དུ་རྟགས་འདི་ཉིད་སྤྱོད་པའི་དགོས་པ་ཡོད། འདྲེན་རྟགས་སྤྱོད་ཚེ་འདྲེན་རྟགས་ནང་གི་ཚིག་གི་མཇུག་ཏུ་ཤད་མེད་པར་བྱའོ། ། དཔེར་ན། རྣམ་རྒྱལ་གྱིས“ང་དེ་རིང་པེ་ཅིང་ལ་འགྲོ་རྒྱུ་ཡིན”ཞེས་པ་ལྟ་བུའོ།།

བསྡུས་རྟགས། (省略号)- (……) མཐར་ཡོད་ན་བརྗོད་བྱ་མ་རྫོགས་ཀྱང་རེ་ཞིག་ཚིག་བསྡུས་པའི་དོན་སྟོན་པ་ཡིན་ཕྱིར། དེང་རབས་ཀྱི་རིག་རྩལ་རྩོམ་རིགས་ནང་དུ་སྤྱོད་པའི་དགོས་པ་ཡོད།

བཅད་རྟགས། (破折号)- (-) བཅད་ནས་བར་དུ་མཆན་འགྲེལ་ལམ་གསལ་བཤད་དམ་སྐད་ཆ་གཞན་གསབ་པ་དང་། དོན་ཚན་ཞིག་གི་སྡོམ་ཚིག་བཀོད་པ། ཡང་ན་བྱེ་བྲག་སོ་སོར་དགར་བའི་དོན་སོགས་དུ་མ་འཇུག་པ་ཡིན་པས། རིག་རྩལ་དང་ཚན་རིག་ལ་སོགས་པའི་རྩོམ་ཡིག་གི་ནང་དུ་སྤྱོད་པའི་དགོས་པ་ཡོད།

མཆན་རྟགས། (注释符号)-(①、②、 (3…) འདི་ནི་ཟུར་མཆན་རྒྱག་དགོས་པའི་མིང་བརྡའི་ཕྱི་མར་བཅུག་ན། ཟུར་ན་མཆན་འགྲེལ་ཡོད་པ་མཚོན་བྱེད་ཡིན་པས། རིག་གཞུང་ཆེད་རྩོམ་གྱི་ནང་དུ་སྤྱོད་པའི་དགོས་པ་ཡོད།

སྐུང་རྟགས། (隐晦号)- (xx) དུ་གསལ་བར་འགོད་མི་རུང་བའི་མི་མིང་དང་ས་མིང་། ཡང་ན་ཨང་གྲངས་མཚོན་བྱེད་ཅིག་ཡིན་པས། རིག་གཞུང་ཆེད་རྩོམ་དང་གོང་རིམ་གྱི་ཡིག་ཆའི་ནང་དུ་སྤྱོད་པའི་དགོས་པ་ཡོད།

ཆད་རྟགས། (虚缺号) (□□) འདི་ནི་གཙོ་ཆེར་གནའ་དཔེའམ་རྡོ་རིང་ལ་སོགས་པའི་ངོས་ཀྱི་ཡི་གེ་ལ་མི་གསལ་བ་ཡིན། དེ་དག་བསྐྱར་དུ་པར་འདེབས་པའམ་ཡང་ན་ལུང་འདྲེན་ཚེ་ཆད་པའི་རྟགས་སུ་འགོད་པའི་དགོས་པ་ཡོད་དོ།།

 

བཅུ་པ། ལོ་དང་དུས་རབས་སྐོར།

བོད་ཀྱི་གནས་དཔེའི་ནང་དུ་རབ་བྱུང་དང་ལོ་རིས་ལ་བརྟེན་ནས་ལོ་དང་དུས་རབས་མཚོན་པའི་ཡི་གེ་མང་དུ་མཐོང་རྒྱུ་ཡོད་མོད། དེས་ཀློག་པ་པོ་མང་བོ་ཞིག་ལ་ལོ་དང་དུས་རབས་ག་ཚོད་ཡིན་པ་ངོས་འཛིན་བྱེད་མི་ཐུབ་པའི་དཀའ་ཁག་བཟོས་པས། སླད་ཕྱིན་དཔེ་ཆ་དང་དུས་དེབ། ཚགས་པར་གང་ཡིན་ཡང་རྩོམ་སྒྲིག་བྱེད་སྐབས། བོད་ཡིག་གི་ལོ་དང་རབ་བྱུང་གི་རྗེས་སུ་གུག་རྟགས་ () བཞག་སྟེ། དེའི་ནང་དུ་སྤྱི་ལོའི་དུས་རབས་དང་ལོ་ག་ཚོད་ཡིན་པ་གསལ་བོར་དགོད་དགོས། གལ་ཏེ་མ་ཕྱིའི་ལོ་དུས་ལ་ནོར་འགལ་གྱི་སྐྱོན་ཡོད་ན། ཅིས་ཀྱང་ནོར་བཅོས་ཀྱི་གསལ་བཤད་རྒྱག་དགོས།

 

བཅུ་གཅིག་པ། ཨང་གྲངས་ཀྱི་སྐོར།

ད་ཕན་བོད་ཡིག་གི་དཔེ་ཆ་དང་དུས་དེབ། ཚགས་པར་བཅས་ཀྱི་སྟེང་ཨང་གྲངས་འབྲི་བའི་ཚེ། ལ་ལས་ཡི་གེ་འབྲི་བ། ལ་ལས་ཨ་ཀི་འབྲི་བ། ལ་ལས་ཨང་ཀི་དང་ཡི་གེ་འདྲེས་མ་འབྲི་བ་སོགས་ཡོད་པས་གཅིག་གྱུར་ཡོང་དཀའ་བར་སྣང་། དེ་ལ་གཏན་དུ་ཕབ་པ་འདི་ལྟར། 1. དུས་རབས་དང་ལོ་རབས། ལོ་ཟླ་ཚེས། དུས་ཚོད། སྐར་མ་ལ་སོགས་པ་འབྲི་སྐབས། སྤྱིར་བཏང་དུ་ཨ་རབ་པའམ་བོད་ཀྱི་ཨང་ཀི་འབྲི་དགོས། དཔེར་ན། དུས་རབས་བཅུ་དགུ་པའི་ལོ་རབས་ཉི་ཤུ་པ་ལ་དུས་རབས 19 (༡༩) པའི་ལོ་རབས་ 20 (༢༠) ཞེས་འབྲི་བ་དང་། ཟླ་ལྔ་པའི་ཚེས་དྲུག་ཉིན་ལ་ཟླ་ 5 (༥) པའི་ཚེས་ 6 (༦) ཉིན། (འོན་ཀྱང་ལོ་དང་ཟླ་བ་གཉི་ག་མ་གཏོགས་མེད་ན། ལོ་གྲངས་ལ་ཨང་ཀི་དང་ཟླ་བ་ལ་ཡི་གེ་ཕྲིས། དཔེར་ན། 1996 ལོའི་ཟླ་ལྔ་པ་ལྟ་བུ) དུས་ཚོད་ (ཆུ་ཚོད) བདུན་པའི་སྐར་མ་ཞེ་ལྔ་དུས་ཚོད་ 7 (༧) དང་སྐར་མ་ 45 (༤༥) ཞེས་འབྲི་དགོས། 2. དཔེར་ན། བོད་ཀྱི་རབ་བྱུང་དང་གཟའ་འཁོར། མིའི་དགུང་གྲངས་ཡིན་ན་ཡི་གེ་བྲིས་ན་ལེགས་ཏེ། དཔེར་ན། བོད་རབ་བྱུང་བཅུ་བདུན་པའི་ཤིང་ཡོས་ལོ། གཟའ་ཟླ་བ། གཟའ་མིག་དམར། དགུང་ལོ་གྱ་ལྔ་ལྟ་བུའོ། ། 3. འཇལ་བྱེད་ཀྱི་གྲངས་ཀ་དངོས་མ་ཡིན་པའི་གཅིག་གནས་ཅན་གྱི་གྲངས་ཡིན་ན་ཡི་གེ་ཕྲིས། དཔེར་ན་མི་ལྔ། ཐེངས་གསུམ། དཔེ་དེབ་དགུ། བསམ་འཆར་དོན་ཚན་ལྔ་ལྟ་བུའོ། །བཅུ་གནས་ཡན་གྱི་གྲངས་ཡིན་ན་ཨང་ཀི་ཕྲིས། དཔེར་ན་དེབ་ 70 (༧༠) མི་ 500 (༥༠༠) ཐེངས་ 12 (༡༢) ལྟ་བུའོ། ། 4. འཇལ་ཤོར་འདེགས་གསུམ་གྱི་གྲངས་ཡིན་ན། སྤྱིར་བཏང་དུ་ཨང་ཀི་འབྲི་དགོས་ཏེ། དཔེར་ན། རྒྱ་མ་ 5 (༥) སྲང་ 3 (༣) སྤྱི་ལེ་ 85 (༨༥) ལི་སྨི་ 57.6 (༥༧.༦) ལྟ་བུའོ། །

 

བཅུ་གཉིས་པ། པར་སྐྲུན་སྐོར་གྱི་དོ་སྣང་བྱ་རིགས་འགའ།

དེང་ཕྱིན་དཔེ་དེབ་གང་ཞིག་པར་སྐྲུན་བྱེད་ཀྱང་། མདུན་ཤོག་གསབ་མའི་རྗེས་སུ་ཅིས་ཀྱང་དཔེ་དེབ་དེའི་ནང་དོན་གནད་བསྡུས་དགོད་པར་བསྐྲུན་བྱའི་དཔེ་དེབ་ཀྱི་པར་བྱང་ཤོག་ངོས་སྟེང་དུ་རྒྱ་ཡིག་གི་པར་བྱང་ལ་ཚང་དགོས་པའི་ནང་དོན་མཐའ་དག་བོད་ཡིག་གི་པར་བྱང་ལའང་ཚང་དགོས། དེབ་ལྟག་གི་དཔེ་མིང་མཐའ་གཅིག་ཏུ་བོད་ཡིག་འབྲི་དགོས། གོང་གསལ་གྱི་གཏན་ཕབ་བཅུ་གཉིས་ནི་ཡུན་རིང་གི་རྩོམ་སྒྲིག་ལག་ལེན་ཁྲོད་ནས་ཕྱོགས་སྡོམ་བྱས་པའི་འབྲས་བུ་དང་། དེང་ཕྱིན་ཅིས་ཀྱང་བརྩི་སྲུང་དང་ལག་བསྟར་བྱ་དགོས་པའི་ཚད་གཞི་ཡིན་པས། རྩོམ་སྒྲིག་པ་རྣམས་ཀྱིས་སྤང་བླང་མ་ནོར་བ་གྱིས་ཤིག །

 

 

བརྒྱུད་སྐུལ།

མཆན་སྤེལ།