༄༅། །ཡུལ་གངས་ཅན་གྱི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །ཡོན་ཏན་མཆོག་མངའ་སླུ་མེད་རིན་ཆེན་གསུམ། །ཡེ་ཤེས་མེ་ལོང་གཙུག་ན་ཟླ་བ་དང་། །རྟ་དབྱངས་བཙུན་པ་ཟླ་བ་སམ་བྷོ་ཊ། །ལ་སོགས་འཕགས་བོད་མཁས་པའི་ཚོགས་སྤྱི་དང་། །ཁྱད་པར་དམ་ཆོས་འོ་མའི་རྒྱུན་བཟང་གིས། །མང་ཐོས་ལུང་གི་ལུས་སྟོབས་ཆེར་བསྐྱེད་ནས། །རྟོགས་པའི་བསམ་འཕེལ་ལག་རྩེར་སྨིན་མཛད་པའི། །དྲིན་ཅན་བླ་མའི་ཚོགས་ལ་གུས་བཏུད་ནས། །མིང་ཚིག་རིན་ཆེན་འབྱུང་གནས་སིནྡྷུའི་བདག། རིག་བྱེད་རྣམ་བཞི་སྨྲ་བའི་ཉེར་ལེན་རྒྱུ། །བསླབ་གསུམ་མྱུ་གུ་སྐྱེད་བྱེད་རྒྱ་མཚོའི་གོས། །གང་དེ་མདོར་བསྡུས་ཚིག་གིས་བཤད་པར་བྱ། །
དེ་ལ་འདིར་ཡུལ་གངས་ཅན་གྱི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་ཀུན་གྱི་མ་ཕྱིར་གྱུར་པ་སུམ་རྟགས་གཉིས་ཀྱི་ཚིག་དོན་ཅུང་ཟད་ཙམ་བཤད་པ་ལ་གཉིས། སུམ་ཅུ་པ་བཤད་པ་དང་། རྟགས་ཀྱི་འཇུག་པ་བཤད་པའོ། །དང་པོ་ལ་གཉིས། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། བསྟན་བཅོས་དངོས་སོ། །དང་པོ་ལ་གཉིས། མཚན་དོན་དང་། འགྱུར་ཕྱག་གོ། དང་པོ་ནི།
རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ།
བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ།
ཞེས་པ་སྟེ། བྱཱ་ཀ་ར་ཎ་ལུང་སྟོན་པ། མཱུ་ལ་རྩ་བ། ཏྲིཾ་ཤད་སུམ་ཅུ་པ། ནཱ་མ་ཞེས་བྱ་བའོ། །དེ་ཡང་སྒྲའི་མཚན་ཉིད་ལུང་དུ་སྟོན་ཅིང་ལེའུ་ཕྱི་མ་རྣམས་ཀྱི་རྟེན་གཞིར་གྱུར་པ་གང་ཞིག་གཞུང་ཚད་ཤླཽ་ཀ་སུམ་ཅུར་གནས་པས་དེ་སྐད་ཅེས་བྱའོ། །
འདིར་རྒྱ་སྐད་སྨོས་པ་ནི་རྒྱ་གར་མཁས་པའི་བསྟན་བཅོས་ལ་དཔེར་མཛད་པ་གོ་བའི་ཆེད་དང་། གཞུང་ཚད་ཤླཽ་ཀ་སུམ་ཅུ་སོ་གསུམ་ཡོད་པ་ལ་སུམ་ཅུ་པ་ཞེས་བཏགས་པ་ནི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་སྐབས་གཞན་དང་མཐུན་མོང་ཡིན་པ་ལ་དགོངས་སོ། །
གཉིས་པ་འགྱུར་ཕྱག་ནི།
ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། བསྟན་བཅོས་འདི་འཕགས་ཡུལ་ནས་བསྒྱུར་བའི་བསྟན་བཅོས་ཁུངས་མ་རྣམས་དང་མཚུངས་པར་འདོམས་པའི་དོན་དུ་ཐོན་མི་ཉིད་ཀྱིས་བསྒྱུར་བའི་མདོ་རྒྱུད་རྣམས་དང་མཐུན་པར་འཕགས་པ་འཇམ་དཔལ་ལ་འགྱུར་ཕྱག་མཛད་པའོ། །
གཉིས་པ་བསྟན་བཅོས་དངོས་ལ་གཉིས། གཞུང་སྤྱིའི་ཡན་ལག་ཏུ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་། སྐབས་དོན་སུམ་ཅུ་པ་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། བཤད་པར་དམ་བཅའ་བའོ། །དང་པོ་ལ་བཞི། དཀོན་མཆོག་གསུམ་ལ་སྤྱིར་ཕྱག་འཚལ་བ། བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ། དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བ། དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བའོ། །དང་པོ་ནི།
གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། གང་ཞིག་ལ་རིམ་པ་བཞིན་དོན་གཉིས་མཐར་ཕྱིན་པ་དང་། འགོག་ལམ་གྱི་བདེན་པ་གཉིས་དང་། རིག་གྲོལ་གྱི་ཡོན་ཏན་མཆོག་ཏུ་གྱུར་པ་མངའ་བའི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ཏེ་དཀོན་མཆོག་གསུམ་པོ་དེ་རྣམས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པའམ། ཡང་ན། ཕྱག་འཚལ་ལོ། །གང་ལ་ཡོན་ཏན་མཆོག་མངའ་བའི་དཀོན་མཆོག་དེ་ལའོ། །ཞེས་བཤད་ཀྱང་རུང་ངོ། །
གཉིས་པ་བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ་ནི།
གང་གིས་སྒྲ་དབྱངས་ཀུན་གསུངས་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། གང་གིས་སྒྲ་དབྱངས་བརྗོད་པ་ཐམས་ཅད་གསུངས་པས་གསུང་གི་དབང་ཕྱུག་ཏུ་གྱུར་པ། ངག་གི་ཉེས་པའི་རྩུབ་རེག་དང་བྲལ་ཞིང་འཇམ་པའི་ཡོན་ཏན་དང་ལྡན་པའི་གསུང་དབྱངས་ཀྱི་བདག་ཉིད་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །
དེ་ཡང་རྗེ་བཙུན་ཉིད་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་ཀྱི་ངོ་བོ་ཡིན་པ་དང་། མཁྱེན་རབ་དེ་གསུང་དབྱངས་ཀྱི་རྒྱུ་ཡིན་པ་དང་། གསུང་ནི་སྒྲ་དབྱངས་བརྗོད་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་འཇམ་པའི་དབྱངས་ཉིད་སྒྲ་དབྱངས་གསུང་བ་པོར་བསྟན་ཏོ། །
གསུམ་པ་དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བ་ནི།
གང་གིས་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། གང་གིས་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པའི་དབྱངས་གསལ་གྱི་ཡི་གེ་སྔོན་དུ་གསུང་བ་པོར་འཇིག་རྟེན་ན་གྲགས་པ་ལྷའི་དབང་པོ་རྟག་ཏུ་ཞི་བ་སྟེ་དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ་ལོ། །ཞེས་པའོ། །
དེ་ཡང་བྲམ་ཟེ་རྣམས་ཀྱི་གཞུང་དུ་བྱེད་པོ་ཉི་ཤུ་རྩ་བཞི་བཤད་པ་ལས་ཡི་གེའི་བྱེད་པ་པོ་དབང་ཕྱུག་ཆེན་པོར་གྲགས་པ་དང་སྒོ་བསྟུན་ནས་ཕྱི་རོལ་པ་རྣམས་རྗེས་སུ་གཟུང་བའི་སླད་དུ་ཡིན་པར་གསུངས་སོ། །
བཞི་པ་དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བ་ནི།
སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །བླ་མ་ལ་ཡང་ཕྱག་འཚལ་ནས། །
ཞེས་པ་སྟེ། སྒྲ་སྐད་ཀྱི་བརྗོད་པ་དང་དོན་སྡེབ་ལེགས་པར་སྦྱོར་བའི་ཚུལ་སྟོན་པའི་སྒོ་ནས་ཚིག་དོན་གཉིས་ལ་མི་རྨོངས་པའི་ཤེས་རབ་སྐྱེད་ནུས་པའི་གཞུང་རྩོམ་ཞིང་འདོམས་པར་མཛད་པའི་མཁས་པ་སྤྱི་དང་། བྱེ་བྲག་ཏུ་མཁན་པོ་ཉིད་ལ་དེ་ལྟའི་བྱ་བ་མཛད་པའི་བྲམ་ཟེ་ལི་བི་ཀ་ར་ལ་སོགས་པའི་བླ་མ་རྣམས་ལའང་ཕྱག་མཛད་པ་སྟེ། ནས་ནི་ལྷག་བཅས་ཀྱི་སྒྲའོ། །
གཉིས་པ་བཤད་པར་དམ་བཅའ་བ་ནི།
བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །
མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །
ཞེས་པ་སྟེ། སངས་རྒྱས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པའི་གཞི་ཐམས་ཅད་ལྟོས་པའི་སྒོ་ནས་འཛིན་པར་བྱེད་ཅིང་། ཕྱི་རོལ་པའི་ངེས་བརྗོད་དང་། མཆོད་སྦྱིན་དང་། སྙན་ཚིག་དང་། སྲིད་སྲུང་སྟེ་རིག་བྱེད་བཞི་ཡན་ལག་དང་བཅས་པའི་གཞུང་ལུགས་མཐའ་དག་སྨྲ་བ་རྣམས་ཀྱི་རྒྱུའང་ཡིན་ལ། སྤྱིར་ཡི་གེ་ལས་མིང་དང་། མིང་ལས་ཚིག་དང་། ཚིག་ལས་བརྗོད་པ་འབྱུང་བའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མིང་ཚིག་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་ཡི་གེའི་སྦྱོར་བ་ཡིན་པས་དེ་བཤད་པར་བྱའོ། །ཞེས་པའོ། །
དེ་ཡང་བོད་ཀྱི་ཡི་གེའི་སྦྱོར་བ་ནི་བརྗོད་བྱ་དང་། གཙུག་ལག་གཉིས་ཀྱི་བླང་དོར་ལ་མ་རྨོངས་པ་ནི་དགོས་པ་དང་། མཐར་ཐུག་རྣམ་མཁྱེན་ཐོབ་པ་ནི་ཉིང་དགོས་དང་། སྔ་ཕྱི་འབྲེལ་ཆགས་པ་ནི་འབྲེལ་པའོ། །
གཉིས་པ་སྐབས་དོན་སུམ་ཅུ་པ་ཉིད་རྒྱས་པར་བཤད་པ་ལ་གཉིས། ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང་། གདམས་ངག་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ་གཉིས། སྦྱར་བྱ་ཡི་གེའི་རྣམ་གཞག་བཤད་པ་དང་། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པའོ། །དང་པོ་ལ་གཉིས། བོད་ཡིག་གི་དབྱངས་གསལ་ངོས་གཟུང་བ་དང་། ཁྱད་པར་གྱི་དབྱེ་བ་བསྟན་པའོ། །དང་པོ་ནི།
ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །
ཀཱ་ལི་སུམ་ཅུ་ཐམ་པའོ། །
ཞེས་པ་སྟེ། སྤྱིར་ཡི་གེ་ལ་ཨཱ་ལི་སྟེ་ཨ་ལ་སོགས་པའི་འཕྲེང་བ་དབྱངས་ཡིག་དང་། ཀཱ་ལི་སྟེ་ཀ་ལ་སོགས་པའི་འཕྲེང་བ་གསལ་བྱེད་ཀྱི་ཡི་གེ་གཉིས་སུ་ཡོད་ལ། བྱེ་བྲག་ཏུ་བོད་ཡིག་ལ་ནི་ལེགས་སྦྱར་གྱི་ཨཱ་ལིའི་བྱ་བ་གསལ་བར་མཚོན་པར་བྱེད་པའི་ཡི་གེ་ཨི་ཨུ་ཨེ་ཨོ་བཞི་དང་། ཀཱ་ལི་མཚོན་པར་བྱེད་པ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། སྟེ་སུམ་ཅུ་ཐམ་པ་ཡོད་དོ། །ཞེས་པའོ། །
གཉིས་པ་ཁྱད་པར་གྱི་དབྱེ་བ་བསྟན་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།
དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལས་ལྔ་ནི་སྔོན་དུའང་འཇུག།
མི་འཇུག་པ་ནི་ཉི་ཤུའོ། །
ཞེས་པ་སྟེ། བཤད་མ་ཐག་པའི་ཡི་གེ་ཀཱ་ལི་དེ་དག་ལ་དབྱེ་ན་རྗེས་སུ་འཇུག་པ་བཅུ་དང་། རྗེས་འཇུག་དེ་ཉིད་ལས་ལྔ་ནི་སྔོན་དུའང་འཇུག་པ་ཡིན་པས་སྔོན་འཇུག་ལྔ་དང་། སྔོན་རྗེས་གཉིས་ཀར་མི་འཇུག་པའི་ཡི་གེ་ཉི་ཤུ་སྟེ་ཚན་པ་གསུམ་དུ་དབྱེ་འོ། །ཞེས་པའོ། །
གཉིས་པ་རྒྱས་པར་བཤད་པ་ལ་གཉིས། དབྱེ་སྒོ་སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ནི།
ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་བ་ལས། །
ཞེས་པ་སྟེ། ཀཱ་ལི་སུམ་ཅུ་པོ་དེ་རྣམས་ཀ་སྡེ་དང་། ཅ་སྡེ་དང་། ཏ་སྡེ་དང་། པ་སྡེ་དང་། ཙ་སྡེ་དང་། ཞ་སྡེ་དང་། ར་སྡེ་སྟེ་སྡེ་པ་རིང་པོ་བདུན་དང་། ཧ་སྡེ་ཕྱེད་དུ་བྱས་ནས་ཕྱེད་དང་བརྒྱད་ཀྱི་སྡེ་ཚན་དུ་བགོས་པ་ནི་སྡེ་པ་རེ་རེ་ལ་ཡི་གེ་བཞི་བཞི་རུ་ཕྱེ་བ་ཡིན་ཅིང་། ལས་ནི་འབྱུང་ཁུངས་ཀྱི་སྒྲའོ། །
གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ་གསུམ། རྗེས་འཇུག་བཤད་པ། སྔོན་འཇུག་བཤད་པ། མི་འཇུག་པ་བཤད་པའོ། །དང་པོ་ནི།
དང་པོ་གསུམ་པ་བཞི་པ་ལས། །མས་གཉིས་དྲུག་པའི་གསུམ་པ་དང་། །
བདུན་པ་ལས་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་འདོད། །
ཅེས་པ་སྟེ། གོང་དུ་རྗེས་འཇུག་བཅུ་ཞེས་བཤད་པ་དེ་གང་ཞེ་ན། སྡེ་པ་དང་པོ་དང་། གསུམ་པ་དང་། བཞི་པ་རྣམས་ཀྱི་མས་ཀྱི་ཡི་གེ་གཉིས་གཉིས་ཏེ། ག་ང་། ད་ན། བ་མ་རྣམས་དང་། སྡེ་པ་དྲུག་པའི་གསུམ་པ་འ་དང་། བདུན་པའི་ཤ་མ་གཏོགས་ལྷག་མ་ར་ལ་ས་གསུམ་མོ། །དེའང་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འདི་དག་འཇུག་པའི་ཕྱིར་རྗེས་འཇུག་ཅེས་བྱ་ཞིང་ཡི་གེའི་གྲངས་བཅུ་ཉིད་དུ་ངེས་པ་ཡིན་ནོ། །
གཉིས་པ་སྔོན་འཇུག་བཤད་པ་ནི།
རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་པ་ལྔ་པ་དྲུག།
བདུན་པ་རྣམས་ནི་སྔོན་དུའང་འཇུག།
ཅེས་པ་སྟེ། གོང་དུ་སྔོན་འཇུག་ལྔ་ཞེས་བཤད་པ་དེ་གང་ཞེ་ན། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དག་ཉིད་ལས་དང་པོ་ག། གསུམ་པ་ད། ལྔ་པ་བ། དྲུག་པ་མ། བདུན་པ་འ་རྣམས་ཡིན་ཅིང་། དེ་དག་རྗེས་སུ་འཇུག་པར་མ་ཟད་སྔོན་དུ་འཇུག་པའང་ཡོད་པས་སྔོན་འཇུག་ཅེས་ཀྱང་བྱ་སྟེ། ཡི་གེའི་གྲངས་ལྔ་ཉིད་དུ་ངེས་པ་ཡིན་ནོ། །
གསུམ་པ་མི་འཇུག་པ་བཤད་པ་ནི།
མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །དེ་ལ་དབྱངས་ཀྱི་བཞི་ལྡན་ཡང་། །
གང་དུའང་འཇུག་མིན་སྦྱར་བའང་མིན། །
ཞེས་པ་སྟེ། སྔོན་འཇུག་དང་རྗེས་འཇུག་བསལ་བའི་ལྷག་མ་མིང་གཞི་ཁོ་ན་ཡིན་པ། ཀ་ཁ། ཅ་ཆ་ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ། ཧ་ཨ་སྟེ་ཡི་གེ་ཉི་ཤུ་ཐམ་པ་ནི་ཚེག་བར་གཅིག་ཏུ་གཉིས་སམ་གསུམ་སྦྲེལ་བའམ། དེ་ལ་དབྱངས་ཨི་སོགས་གང་རུང་རེ་སྦྱར་བའི་བཞི་ལྡན་དུ་བྱས་པ། ཙཀ། ཚཕཁ། ཝཟིཡ། ལྟ་བུ་གངས་ལྗོངས་སུ་གྲགས་པའི་ཐ་སྙད་གང་ལའང་འཇུག་པ་མིན་པས་འདི་བཞིན་སྦྱར་བར་རིགས་པའང་མ་ཡིན་ནོ། །
དེ་ཡང་སྐབས་འདིའི་མིང་གཞི་ནི་སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་དུ་གྱུར་པའི་གསལ་བྱེད་ཀྱི་ཡི་གེ་ཡིན་ལ། དེས་ན་སྔོན་རྗེས་མིང་གསུམ་ཅི་རིགས་པར་འགྱུར་བ་སྔོན་འཇུག་ལྔ། རྗེས་མིང་གཉིས་ཅི་རིགས་པར་འགྱུར་བ་རྗེས་འཇུག་ལྷག་མ་ལྔ། མིང་གཞི་ཁོ་ན་ཡིན་པ་མི་འཇུག་པ་ཉི་ཤུ་ཐམ་པ་སྟེ་གསུམ་དུ་དབྱེར་ཡོད་པ་ལས་འདིར་ནི་ཕྱི་མ་འཆད་པའི་སྐབས་སོ། །
གཉིས་པ་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ་དང་། རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་བཤད་པའོ། །དང་པོ་ལ་བརྒྱད། སླར་བསྡུ་བཤད་པ། ལ་དོན་བཤད་པ། ཨི་ལྡན་གྱི་རྣམ་དབྱེ་བཤད་པ། རྒྱན་སྡུད་བཤད་པ། ལྷག་བཅས་བཤད་པ། འབྱེད་སྡུད་བཤད་པ། འབྱུང་ཁུངས་བཤད་པ། བོད་པའི་སྒྲ་བཤད་པའོ། །དང་པོ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ནི། །མིང་གང་གི་ནི་མཐར་སྦྱར་བ། །
དེ་ལ་ཨཱ་ལི་བཞི་པ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །
ཞེས་པ་སྟེ། སྔར་བཤད་པའི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་ཉིད་མིང་ཚིག་གང་གི་མཐར་སྦྱར་བ་ཡོད་ཀྱང་རུང་། དེ་དག་ལ་ཨཱ་ལི་བཞི་པ་ཨོ་ཡིག་སྟེ་སྣ་རུ་སྦྱར་བ་ནི། སྐབས་བབ་ཀྱི་བརྗོད་བྱའི་དོན་དེ་ཉིད་དེ་ཙམ་གྱིས་བསྡུ་བར་སོང་བས་སླར་བསྡུའི་སྒྲ་ཞེས་སམ། རྫོགས་ཚིག་ཅེས་ཀྱང་བྱའོ། །
དེ་ཡང་གཞུང་གི་དངོས་བསྟན་རྟག་གོ། བཟང་ངོ། །ཡོད་དོ། །ཡིན་ནོ། །སྒྲུབ་བོ། །བསམ་མོ། །བྱའོ། །འགྱུར་རོ། སེལ་ལོ། །བྱས་སོ། །ཞེས་པ་ལྟ་བུ་བཅུ་དང་། ད་དྲག་གིས་ཐོབ་པའི་ཤུགས་བསྟན། གྱུརད་ཏོ། །ལྟ་བུ་གཅིག་སྟེ་བཅུ་གཅིག་ཡོད་དོ། །
གཉིས་པ་ལ་དོན་བཤད་པ་ནི།
རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །གང་མིང་མཐའ་ན་བཅུ་པ་གནས། །
དེ་ལ་ཨཱ་ལི་གཉིས་པ་སྦྱར། །གང་མིང་མཐའ་ན་བརྒྱད་པ་གནས། །
དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་གསུམ་པ་གནས། །
དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་པ་དགུ་པ་དངོས་ཀྱང་སྟེ། །
ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །
ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེ་རྣམས་ཉིད་ལས། གང་ཡང་རུང་བའི་མིང་གི་མཐའ་ན་ལ་དོན་གྱི་རྣམ་དབྱེ་སྦྱར་བའི་ཆེད་དུ་བཅུ་པ་ས་ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཨུ་ཡིག་སྦྱར་བས། སུ། ཞེས་གྲུབ་པ་དང་། དེ་བཞིན་དུ་ཚེག་བར་གཅིག་ཉིད་དུ་མིང་མཐར་བརྒྱད་པ་ར་ཡིག་སྦྱར་ཏེ་གནས་པ་ལྷག་པར་ལྟ་བུ་དང་། ཡང་ར་ཡིག་དེ་ཉིད་ཚེག་བར་ཕྱེས་པ་ལ་ཨུ་ཡིག་ཀྱང་སྦྱར་བའི་རུ་ཞེས་པ་དང་། རྗེས་འཇུག་གསུམ་པ་ད་ཡིག་གནས་པར་ཨུ་ཡིག་སྦྱར་བའི་དུ་དང་། རྗེས་འཇུག་བཞི་པ་ན་དང་། དགུ་པ་ལ་གཉིས་ནི་དབྱངས་ཀྱིས་མ་བརྒྱན་པའི་དངོས་པོ་ཉིད་དུ་གནས་པའང་སྟེ་དངོས་བསྟན་དྲུག་དང་། ཤུགས་བསྟན་ཏ་ཡིག་ཨུ་ཞུགས་ཀྱི་ཏུ་བཅས་བདུན་པོ་འདི་རྣམས་ནི།
ཤར་ཕྱོགས་སུ་འགྲོ་ལྟ་བུ་བྱེད་པ་པོས་བྱ་བ་གང་ལ་བྱེད་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་སྒྲ་དང་། །རྟར་རྩྭ་བྱིན་ལྟ་བུ་བྱ་བ་གང་ཞིག་གིས་བྱ་བའི་ཡུལ་དེའམ། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་འགྱུར་བའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་སྒྲ་དང་། དཔྲལ་བ་རུ་སྨེ་བ་ཡོད་ལྟ་བུ་གང་ཞིག་གང་ལ་བརྟེན་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་བདུན་པ་རྟེན་གནས་ཀྱི་སྒྲ་དང་། འོད་དུ་འཚེར་ལྟ་བུ་ཡུལ་གང་ཞིག་ལ་བྱ་བ་གང་ཞིག་བྱེད་པའི་ཚེ་ལས་དང་བྱ་བ་ངོ་བོ་གཅིག་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་གཉིས་པའི་བྱེ་བྲག་དེ་ཉིད་ཀྱི་སྒྲ་དང་། ཉི་མ་ཤར་བ་ན་ཆོས་སྟོན་ལྟ་བུ་དུས་བརྗོད་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་བདུན་པའི་བྱེ་བྲག་ཚེ་སྐབས་ཀྱི་སྒྲར་ཤེས་དགོས་ཤིང་། དེ་དག་ཐམས་ཅད་རྣམ་དབྱེར་སྦྱོར་བ་ན་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པ་དང་མཐའི་གསལ་བྱེད་ཡིན་པས་ལ་སྒྲ་ཞེས་ཀྱང་བརྗོད་པར་བྱ་སྟེ།
འོན་ཀྱང་ན་ལ་གཉིས་དེ་ཉིད་ཀྱི་དོན་ཅན་ལ་ནི་འཇུག་པར་མི་འགྱུར་ཏེ། སྨྲ་སྒོ་ལས་ནའི་འཇུག་པ་བཅུ་བཞི་ཙམ་བཤད་པའི་སྐབས་སུ་དེ་ཉིད་ལ་འཇུག་པ་མི་འབྱུང་བ་དང་། དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །
གསུམ་པ་ཨི་ལྡན་གྱི་རྣམ་དབྱེ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཨི་ལྡན་མཐུན་ལུགས་འདི་ཞེས་བྱ། །
ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེ་དག་གང་རུང་རྗེས་སུ་ཞུགས་པའི་མིང་རྣམས་ལ་ཨི་ཡིག་དང་སྦྱར་བའི་རྣམ་དབྱེེའི་ཕྲད་རྣམས་ཇི་ལྟར་མཐུན་པར་སྦྱོར་བའི་ལུགས་ནི་འདི་དང་འདིའོ་ཞེས་བསྟན་པར་བྱའོ། །ཞེས་སོ། །
གཉིས་པ་རྒྱས་པར་བཤད་པ་ལ་གཉིས། འབྲེལ་སྒྲ་བཤད་པ་དང་། བྱེད་པ་པོའི་སྒྲ་བཤད་པའོ། །དང་པོ་ནི།
དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །
བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །
དེ་དག་ཨི་སྦྱར་འབྲེལ་བའི་ས། །
ཞེས་པ་སྟེ། རྗེས་འཇུག་བཅུའི་དང་པོ་ག་དང་ང་གཉིས་གང་རུང་རྗེས་སུ་ཞུགས་པའི་མིང་རྣམས་ལ་ནི་རྗེས་འཇུག་དང་པོ་ག་ཉིད་མཐུན་ཞིང་། དེ་བཞིན་དུ་རྗེས་འཇུག་གསུམ་པ་ད་དང་། ལྔ་པ་བ་དང་། བཅུ་པ་ས་རྣམས་རྗེས་སུ་ཞུགས་པ་ལ་ཀྱ་དང་སྦྱར་བ་དང་། བདུན་པ་འ་ཡིག་གི་མཐའ་ཅན་རྣམས་ལ་དངོས་སུ་འ་ཡིག་ཡོད་དམ་མེད་ཀྱང་རུང་བདུན་པ་འ་ཉིད་སྦྱར་བ་དང་། ཤུགས་བསྟན་འ་མཐའ་ཅན་ལ་རྐང་པ་ཁ་སྐོང་དགོས་པའི་ཚེ་ཡ་ཡིག་སྦྱར་བ་དང་། དེ་དག་ལས་གཞན་ལྷག་མ་ན་མ་ར་ལ་བཞི་པོའི་མཐའ་ཅན་རྣམས་ལ་གྱ་ཉིད་སྦྱར་བ་མཐུན་པ་བཅས་དེ་དག་ཐམས་ཅད་ལ་རིམ་པ་བཞིན་ཨི་ཡིག་སྟེ་གི་གུ་སྦྱར་བས། གི། ཀྱི། འི། ཡི། གྱི་རྣམས་སུ་གྲུབ་པ་དེ་རྣམས་གང་ཞིག་གང་དང་སྒྲ་མཐུན་པའི་མིང་མཐའ་སོ་སོ་དང་སྦྱར་བས། བདག་གི། གང་གི། ཁྱོད་ཀྱི། རྒྱབ་ཀྱི། གཡས་ཀྱི། དེའི། དེ་ཡི། མདུན་གྱི། ལམ་གྱི། གསེར་གྱི། དངུལ་གྱི་སོགས་སུ་འགྱུར་ཏེ། དེ་དག་ནི་རྟེན་དང་བརྟེན་པའམ། ཡན་ལག་དང་ཡན་ལག་ཅན་སོགས་མིང་དོན་ཕན་ཚུན་འབྲེལ་བ་བརྗོད་པའི་དོན་ཅན་གྱི་སྒྲ་ཡིན་པས་རྣམ་དབྱེ་དྲུག་པ་འབྲེལ་བའི་ས་ཞེས་བྱའོ། །
གི་སོགས་དེ་དག་མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ་ལྟ་བུ་གཞུང་འདིར་དངོས་སུ་མ་བསྟན་པའི་དོན་གཞན་དང་གཞན་ལ་འཇུག་པ་སྔ་ཕྱིར་མང་དུ་སྣང་ཡང་འདིར་གཞུང་གི་དངོས་བསྟན་ཙམ་ལས་མི་འཆད་པས་སྨྲ་སྒོ་སོགས་གཞུང་གཞན་དུ་རྟོགས་པར་བྱའོ། །
གཉིས་པ་བྱེད་པ་པོའི་སྒྲ་བཤད་པ་ནི།
དེ་ཉིད་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །
ཞེས་པ་སྟེ། སྔར་བཤད་པའི་རྣམ་དབྱེ་དྲུག་པའི་སྒྲ་གི། ཀྱི། འི། ཡི། གྱི་སྟེ་ལྔ་པོ་དེ་དག་ཉིད་ལ་རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བས། གིས། ཀྱིས། འིས། ཡིས། གྱིས་རྣམས་སུ་གྲུབ་པ་ནི་བྱ་བ་ལ་སྦྱོར་བར་སྟོན་པས་ན་རྣམ་དབྱེ་གསུམ་པ་བྱེད་པ་པོའི་ས་རུ་ཤེས་པར་བྱ་སྟེ། དཔེར་ན་བདག་གིས་བསྟན། ཁྱོད་ཀྱིས་ཉན། དེའིས་བྱིན། འདི་ཡིས་བླངས། གསེར་གྱིས་ཉོས་ལྟ་བུའོ། །
བཞི་པ་རྒྱན་སྡུད་བཤད་པ་ནི།
ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །
ཞེས་པ་སྟེ། གོང་དུ་བཤད་པའི་འབྲེལ་སྒྲ་དེ་དག་ལས། ཀྱི། འི། ཡི། གསུམ་གྱི་ཨཱ་ལི་སྟེ་གི་གུ་ཕྱིས་ནས་སོ་སོར་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས། ཀྱང་། འང་། ཡང་། ཞེས་གྲུབ་པ་དེ་རྣམས་ནི། གསལ་ཡང་གསལ། མཛེས་ཀྱང་མཛེས། ལྟ་བུ་ཚིག་སྔ་ཕྱི་མཐུན་པར་སྟོན་པའི་རྒྱན་དང་། བཏུད་ཀྱང་ཁྲོ། མཛའང་སླུ་ལྟ་བུ་ཚིག་སྔ་ཕྱི་མི་མཐུན་པར་སྟོན་པའི་རྒྱན་ཏེ་ཚིག་རྒྱན་གཉིས་དང་། མིར་མ་ཟད་ལྷས་ཀྱང་བཏུད་དོ། །ལྟ་བུ་གཞིའམ་དོན་གཞན་ཞིག་ལ་སྡུད་ཅིང་སྦྱོར་བའི་སྒྲར་འགྱུར་རོ། །ཞེས་སོ། །
ལྔ་པ་ལྷག་བཅས་བཤད་པ་ནི།
ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །
དེ་ལ་ཨཱ་ལི་གསུམ་པ་སྦྱར། །དེ་ནི་ལྷག་མ་དང་བཅས་པའོ། །
ཞེས་པ་སྟེ། སྔར་བཤད་པའི་ལ་དོན་གྱི་ནང་ཚན་སུ་ཞེས་པ་དེའི་ཨུ་ཡིག་སྟེ་ཞབས་ཀྱུ་ཕྱིས་ནས་ས་རྐྱང་གནས་པ་དེ་ལ་ཀཱ་ལིའི་སྡེ་པ་གསུམ་པའི་དང་པོ་ཏ་ཡིག་སྦྱར་ཞིང་། དེ་ལ་སླར་ཡང་སྟེང་དུ་ཨཱ་ལི་གསུམ་པ་སྟེ་འགྲེང་བུ་སྦྱར་བས། སྟེ། ཞེས་གྲུབ་པ་དང་། འོག་ནས་འབྱུང་བའི་དེ་དང་། ཤུགས་བསྟན་གྱི་ཏེ་རྐྱང་བཅས་གསུམ་པོ་དེ་རྣམས་ནི། མིང་ཚིག་གང་གི་མཐར་སྦྱར་ཡང་བསྟན་བྱའི་ལྷག་མ་འདྲེན་པའི་དོན་དུ་འགྱུར་བས་ལྷག་མ་དང་བཅས་པའི་སྒྲ་ཞེས་བྱ་སྟེ།
དེ་ཡང་། མདའ་འཕངས་ཏེ་ཕོག། ཕྱག་འཚལ་ཏེ་བཤད། འཕར་ཏེ་འགྲོ་ལྟ་བུ་ནས་དང་ཅིང་སོགས་ཀྱི་ཕྲད་དང་འཇུག་པ་མཐུན་པ་ནི་མཚམས་སྦྱོར་དང་། དངོས་པོ་ནི་གསུམ་སྟེ། བེམ་པོ་དང་། ཤེས་པ་དང་། ལྡན་མིན་འདུ་བྱེད་དོ་ལྟ་བུ་ཚིག་སྔ་མའི་གསལ་བྱེད་དུ་ཕྱི་མ་འདྲེན་པ་ནི་དམ་བཅའ་དང་། ཁྱོད་ནི་དཔལ་ཏེ་ཁྱོད་ནི་མགོན། །ལྟ་བུ་ལ་དང་འཇུག་པ་མཐུན་ཅིང་ལྷག་མ་ཡོད་པ་ཙམ་སྟོན་པ་ནི་གཞན་འདྲེན་པ་སྟེ་རགས་པ་ཙམ་དབྱེ་ན་གསུམ་དུ་འགྱུར་རོ། །
དྲུག་པ་འབྱེད་སྡུད་བཤད་པ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །
ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་ལ་དེ་ཉིད་ཀྱི་དྲུག་པ་མ་ཡིག་སྦྱར་བས། གམ། ངམ། དམ། ནམ། བམ། མམ། འམ། རམ། ལམ། སམ་རྣམས་སུ་གྲུབ་པ་དེ་དག་དང་། ཤུགས་བསྟན་ཏམ་བཅས་བཅུ་གཅིག་པོ་རྣམས་ནི། ཕུང་པོ་ནི་ལྔ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའོ་ལྟ་བུ་དབྱེ་གཞི་གཅིག་ལས་བྱེ་བྲག་སོ་སོར་འབྱེད་པ་དང་། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་ནི་ཕུང་པོའོ་ལྟ་བུ་ཚིག་དོན་མང་པོ་ཕྱོགས་གཅིག་ཏུ་སྡུད་པའི་སྒྲར་འཇུག་པ་ཡིན་ནོ། །ཞེས་སོ། །
དེ་ཡང་ཡོད་དམ་མེད་ལྟ་བུ་དྲི་ཚིག་རྣམས་ཀྱང་ཡོད་མེད་ཀྱི་ཁྱད་པར་འབྱེད་པའི་ཚིག་ཡིན་པས་འབྱེད་པའི་སྒྲ་ཉིད་དུ་ངེས་སོ། །
བདུན་པ་འབྱུང་ཁུངས་བཤད་པ་ལ་གཉིས། འབྱུང་ཁུངས་དངོས་བཤད་པ་དང་། དེ་དགར་སྡུད་ལ་འཇུག་པའི་ཚུལ་ལོ། །དང་པོ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་པ་དགུ་པ་ལ་བཅུ་པ། །
སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །
ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེའི་བཞི་པ་ན་དང་། དགུ་པ་ལ་གཉིས་སོ་སོར་བཅུ་པ་ས་ཡིག་སྦྱར་བས། ནས། ལས་ཞེས་གྲུབ་པ་ནི། ས་ནས་རྩྭ་སྐྱེས། བ་ལས་འོ་མ་འཇོ། ལྟ་བུ་ཆོས་གང་ལས་གང་ཞིག་བྲལ་བའམ་འབྱུང་བ་སྟོན་པའི་དོན་དུ་མཚུངས་པར་འཇུག་པས་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ས་ཡིན་ཅིང་། ཏེ་ནི་ལྷག་བཅས་སོ། །
ཡང་དུ་བ་ལས་མེར་ཤེས་ལྟ་བུ་ལས་ཀྱི་སྒྲ་ཁོ་ན་རྒྱུ་མཚན་ལ་འཇུག་པ་ཡོད་ཀྱང་རྣམ་དབྱེ་ལྔ་པ་ལས་མ་འདས་ཏེ། མེར་ཤེས་པའི་རྒྱུ་མཚན་དེ་དུ་བ་མཐོང་བ་ལས་བྱུང་བས་སོ། །
གཉིས་པ་དེ་དགར་སྡུད་ལ་འཇུག་པའི་ཚུལ་ནི།
དགར་དང་སྡུད་པའང་དེ་བཞིན་ཡིན། །
ཞེས་པ་སྟེ། བཤད་མ་ཐག་པའི་ནས་དང་ལས་ཀྱི་སྒྲ་དེ་དག་འབྱུང་ཁུངས་ཁོ་ནར་མ་ཟད། དགར་གཞི་ལས་ལོགས་སུ་དགར་བའི་དོན་ལའང་འཇུག་ཅིང་། དེ་ལས་ནས་ཀྱི་སྒྲ་གཅིག་པུ་ནི་མཚམས་འཛིན་ཅིང་སྡུད་པའི་དོན་དུའང་དེ་བཞིན་དུ་འཇུག་པ་ཡིན་ཏེ། ལྷ་རྣམས་ཀྱི་ནང་ནས་བརྒྱ་བྱིན་མཛེས་ལྟ་བུ་དགར་གཞི་དང་དགར་ཆོས་རིས་མཐུན་པ་ལ་ནས་དང་། ལྷ་ལས་མི་དམན་ལྟ་བུ་དགར་གཞི་དང་དགར་ཆོས་རིས་མི་མཐུན་པ་ལ་ལས་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་ལྟ་བུ་སྡུད་པ་ལ་ནས་འཇུག་ཅིང་དགར་སྡུད་གཉིས་ཀ་ཡང་རྣམ་དབྱེ་ལྔ་པའི་ཁོངས་སུ་གཏོགས་ཏེ། དགར་བ་ནི་དགར་གཞི་ལས་དགར་ཆོས་བྱེ་བ་ལྟར་སྣང་བ་དང་། སྡུད་པ་ནི་ཐོག་མ་གང་ནས་བརྩམས་པ་དེ་ལས་བསྡུ་བྱ་རྣམས་བྱུང་བ་ལྟར་སྣང་བས་སོ། །
བརྒྱད་པ་བོད་པའི་སྒྲ་བཤད་པ་ནི།
གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཐོག་མར་ཀྱེ་ཞེས་སྦྱར་བ་ནི། ཀྱེ་རྒྱལ་པོ་ཆེན་པོ་ལྟ་བུ་ཡུལ་ཁྱད་པར་ཅན་ལ་བོད་པ་གསལ་བར་བྱེད་པའི་སྒྲ་ཡིན་ལ། ཤུགས་བསྟན་ཀྭ་ཡེ་དང་ཀྭ་དང་ཝ་ཡེ་ལྟ་བུ་ནི་ཡུལ་དམན་པ་ལ་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་ནོ། །
གཉིས་པ་རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་བཤད་པ་ལ་དྲུག། ནི་སྒྲ་བཤད་པ། དང་སྒྲ་བཤད་པ། དེ་སྒྲ་བཤད་པ། གང་སྒྲ་བཤད་པ། བདག་སྒྲ་བཤད་པ། དགག་སྒྲ་བཤད་པའོ། །དང་པོ་ནི།
གང་མིང་མཐའ་དང་མཐུན་པ་ཡི། །བཞི་པ་ལ་ནི་ཨི་སྦྱར་བ། །
དགར་དང་བརྣན་པའི་ཚིག་ཏུ་འགྱུར། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་ཚིག་གི་མཐའ་དང་མཐུན་པར་སྦྱར་རུང་བའི་ཕྲད་རྗེས་འཇུག་བཞི་པ་ན་ཡིག་ལ་དབྱངས་ཨི་སྦྱར་བས། ནི་ཞེས་གྲུབ་པ་དེ་ནི་སྦྱོར་དངོས་མཇུག་གསུམ་གྱི་དང་པོ་ནི། ལྟ་བུ་དགར་གཞི་ལས་ཐ་དད་དུ་དམིགས་བསལ་ནས་དགར་བའི་དོན་དང་། དལ་བའི་རྟེན་བཟང་པོ་ནི་ཐོབ། དགེ་བའི་བཤེས་གཉེན་དང་ནི་མཇལ། བློ་གྲོས་ཀྱི་མིག་དང་ནི་ལྡན་ལྟ་བུ་དོན་གང་ཡིན་པ་དེ་ལ་ངེས་བཟུང་ངམ་ནན་ཏན་དུ་བརྣན་པའི་དོན་ལའང་འཇུག་པའི་ཚིག་ཏུ་འགྱུར་ལ། སྡོམ་པ་ཐམས་ཅད་ལྡན་པར་ནི། །ལྟ་བུ་ཚིག་གི་ཁ་སྐོང་དུ་འཇུག་པ་རྣམས་ཀྱང་བརྣན་པའི་སྒྲ་ཉིད་ཡིན་ནོ། །
གཉིས་པ་དང་སྒྲ་བཤད་པ་ནི།
མིང་གང་རུང་བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར། །
དེ་ནི་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །
ཞེས་པ་སྟེ། མིང་ཚིག་གང་ཡང་རུང་བའི་བར་མཚམས་རྣམས་སུ་རྗེས་འཇུག་གསུམ་པ་ད་ཡིག་ལ་གཉིས་པ་ང་ཡིག་སྦྱར་བས། དང་ཞེས་གྲུབ་པ་དེ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་ནི་དབང་པོའོ་ལྟ་བུ་ཚིག་སྔ་ཕྱི་ཕྱོགས་གཅིག་ཏུ་སྡུད་པ་དང་། དབང་པོ་རྣམས་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་སོ་ལྟ་བུ་སོ་སོར་འབྱེད་པ་དང་། དུ་བ་མཐོང་བ་དང་མེར་ཤེས་སོ་ལྟ་བུ་རྒྱུ་མཚན་ཉིད་ཀྱི་དོན་དང་། ཉི་མ་ཕྱེད་པ་དང་ཆོས་སྟོན་དྲངས་ལྟ་བུ་དུས་བརྗོད་པ་ཚེ་སྐབས་ཀྱི་དོན་དང་། ཡིད་ལ་གཟུངས་དང་། ལྟ་བུ་གཞན་ལ་གདམས་ངག་བརྗོད་པའི་དོན་ཏེ། དོན་ལྔ་ལ་འཇུག་གོ། ཞེས་སོ། །
གསུམ་པ་དེ་སྒྲ་བཤད་པ་ནི།
གང་མིང་གི་ནི་ཡ་མཐའ་རུ། །གསུམ་པ་ལ་ནི་ཨེ་སྦྱར་བ། །
ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་འགྱུར། །
དུས་ཀྱི་དབང་དུ་གཉིས་ཡིན་ནོ། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་གི་ཡ་མཐའ་སྟེ་ཐོག་མར་རྗེས་འཇུག་གསུམ་པ་ད་ཡིག་ལ་དབྱངས་ཨེ་སྟེ་འགྲེང་བུ་སྦྱར་བས། དེ་ཞེས་གྲུབ་པ་ནི། སྔར་མེད་པར་གསར་དུ་ནན་གྱིས་བཏགས་པའི་ཐ་སྙད་ཙམ་གྱི་དབང་དུ་བྱས་ནས་དབྱེ་ན། དབྱེ་གཞི་ཀ་བ་རིང་པོའོ། །དེ་ཕྲའོ། །དེ་ལ་ཟུར་ཡོད་དོ། །ལྟ་བུ་བརྗོད་བྱ་སྤྱིའི་དོན་ལ་མ་དཔྱད་པར་བརྗོད་ཚུལ་དེ་ཉིད་ལ་ཐད་ཀར་བརྟགས་པའི་དུས་འདས་པ་དང་། དེ་ལས་དབྱེ་བའི་ཡ་གྱལ། དེ་ལ་ཡི་གེ་བྲིས་ཤིག། ལྟ་བུ་འདྲི་གཞི་དངོས་སུ་མི་གསལ་ཡང་དེ་སྒྲའི་ཤུལ་དུ་ཤོག་བུ་ལྟ་བུ་དོན་གྱི་རྣམ་གྲངས་གཞན་ཞིག་སྦྱོར་རྒྱུ་ཡོད་པར་སྟོན་པའི་དོན་ཅན་དང་། ཤིང་བཅད་དེ་མེ་ལ་འབུད། ལྟ་བུ་རང་ཉིད་ཀྱི་ཤུལ་དུ་དོན་གཞན་མི་མཚོན་ཀྱང་བརྗོད་བྱ་ལྷག་མ་འདྲེན་པ་ཙམ་སྟེ་གསུམ་ལ་འཇུག་ཅིང་། དབྱེ་ཚུལ་དེས་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །
ཡང་ཆོས་སྤྱིའི་དངོས་པོའི་དོན་གཙོ་ཆེ་བའི་དབང་དུ་བྱས་ནས་དབྱེ་ན། དེ་རང་ཡིན་ནོ། །ལྟ་བུ་བདེན་པའི་དངོས་པོ་དང་། དེ་མ་སྟོན་ཅིག། ལྟ་བུ་གསང་བའི་དངོས་པོ་དང་། ཁོ་བོའི་གླེགས་བམ་དེ་ཀློགས་ཤིག། ལྟ་བུ་བདག་གི་བའི་དངོས་པོ་དང་། རྡོ་བ་དེ་འདེགས་ནུས་སམ། ལྟ་བུ་བདག་གི་བ་ལས་གཞན་པ་ཕ་རོལ་པོའི་དངོས་པོ་སྟེ་བཞི་ལ་དུས་གསུམ་གར་འཇུག་པར་འགྱུར་ཞིང་། དབྱེ་ཚུལ་དེས་ལྷག་བཅས་ལས་གཞན་པའི་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ་བོ། །
ཡང་དུས་ཉིད་ཀྱི་དབང་དུ་བྱས་ནས་དབྱེ་ན། ན་ནིང་གི་ལོ་དེ་ལ། ལྟ་བུ་འདས་པ་དང་། སང་ཉི་མ་ཤར་བའི་དུས་དེར་འགྲོའོ། །ལྟ་བུ་མ་འོངས་པ་གཉིས་ལ་འཇུག་པ་ཡིན་ཅིང་། དབྱེ་ཚུལ་དེས་དུས་ཁོ་ན་བརྗོད་པ་དང་འབྲེལ་བའི་དེ་སྒྲའི་འཇུག་པ་ཙམ་ལ་ཁྱབ་པ་ཡིན་ནོ། །
བཞི་པ་གང་སྒྲ་བཤད་པ་ནི།
གང་མིང་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་སྦྱར། །
སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོར་རྗེས་འཇུག་དང་པོ་ག་ལ་གཉིས་པ་ང་སྦྱར་བས། གང་ཞེས་གྲུབ་པ་དེ་ནི། གང་ཞིག་དང་། གང་དག་དང་། གང་བྱེད། ལྟ་བུ་གཙོ་བོར་དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་ཉིད་དུ་འགྱུར་ཏེ། ཅི་དང་ཇི་དང་སུའི་སྒྲ་རྣམས་དང་ཡང་འཇུག་པ་ཕལ་ཆེར་མཐུན་ནོ། །
ལྔ་པ་བདག་སྒྲ་བཤད་པ་ནི།
གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །
དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་གི་མ་མཐའ་རྣམས་སུ་ཙནྡྲ་པ་ལས། ཨུཏ་ཀྱི་སྡེ་དང་བཅས་པའོ། །ཞེས་པ་ལྟར། པུ་ཞེས་པ་པ་སྡེ་དང་། ལིངྒ་ཞེས་པ་རྟགས་ཏེ། པ་སྡེ་ནས་འབྱུང་བའི་ཕོ་རྟགས་པ་དང་། མོ་རྟགས་མ་དང་། མ་ནིང་གི་རྟགས་བ་གསུམ་གྱི་སྒྲ་སྔར་མེད་པ་དེ་ལ་གསར་དུ་པུ་ལིངྒའི་སྒྲ་གསུམ་པོ་གང་རུང་སྦྱར་བ་ན། དེ་ནི་བདག་པོའི་དོན་གསལ་བར་བྱེད་པའི་སར་ནི་ཤེས་པར་བྱ་སྟེ། དཔེར་ན། ཇ་པ། ཆང་མ། ཁ་ལོ་བ་ལྟ་བུ་དང་། གཞན་ཡང་། གྱོས་པོ། སྒྱུག་མོ། ཟླ་བོ་ཞེས་པ་རྣམས་ཀྱང་རྟགས་གསུམ་སྟོན་པའི་བདག་སྒྲ་ཡིན་ལ།
བློ་ཅན་དང་། ཤེས་ལྡན་ལྟ་བུ་ནི་གང་ཞིག་གང་ལ་ཡོད་པར་སྟོན་པའི་ཆ་ནས་བདག་སྒྲ་དང་འདྲ་བར་སྣང་ཡང་། སྒྲ་དེ་གཉིས་བེམ་པོ་ལའང་འཇུག་པས་བདག་སྒྲ་དངོས་ནི་མ་ཡིན་ནོ། །འོ་ན་པ་དང་མ་གཉིས་ཕོ་མོའི་རྟགས་ཡིན་པར་གྲུབ་ཀྱང་། བ་ཡིག་མ་ནིང་གི་རྟགས་ཡིན་པ་གང་གིས་སྒྲུབ་ཅེ་ན། སྨྲ་སྒོ་ལས། བ་ནི་སྤྱི་རུ་བཞག་པ་སྟེ། ཡུལ་དུས་ངེས་པར་མ་བཟུང་བའོ། །ཟ་བ་བཟའ་དང་ཟ་བོ་བཞིན། །མ་ནིང་དག་ཏུ་བཞག་པར་བྱ། །ཞེས་པས་སོ། །
དྲུག་པ་དགག་སྒྲ་བཤད་པ་ནི།
གང་མིང་བརྗོད་པའི་ཡ་མཐའ་ན། །སྟྲཱི་ལིངྒ་ཡི་སྒྲ་མེད་པ། །
དེ་ལ་སྟྲཱི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་སྟེ་ཐོག་མར་སྟྲཱི་ལིངྒ་སྟེ། མོ་རྟགས་ཀྱི་སྒྲ་སྔར་བཤད་ཟིན་པ་མ་ཡིག་དང་ཞར་གྱིས་ཐོབ་པ་མི་ཡིག་གཉིས་སྔར་མེད་པ་དེ་ལ་གསར་དུ་སྟྲཱི་ལིངྒ་སྦྱར་ན་སྦྱོར་ཡུལ་གྱི་དོན་དེ་མ་ཡིན་པའམ་མེད་པར་སྟོན་པས་དགག་པའི་གནས་སུ་ཤེས་པར་བྱ་སྟེ། དཔེར་ན། མ་མཐོང་། མི་རིགས། ཞེས་པ་ལྟ་བུའོ། །
གཉིས་པ་གདམས་ངག་བརྗོད་པས་མཇུག་བསྡུ་བ་ལ་བཞི། ཚིགས་བཅད་འགྲོལ་ཚུལ་ལ་འདོམས་པ། ཉན་པ་པོ་སྤྲོ་བསྲིང་བའི་སྒོ་ནས་འདོམས་པ། བསླབ་ཚུལ་གོ་རིམ་ལ་འདོམས་པ། གདམས་ངག་སྣོད་རུང་ལ་བསྟན་དགོས་པར་འདོམས་པའོ། །དང་པོ་ནི།
ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །
དེ་ནི་དེ་བཞིན་སྦྱར་བར་བྱ། །
ཞེས་པ་སྟེ། རྒྱལ་བའི་བཀའ་བསྟན་ཡན་ལག་དང་བཅས་པ་རྣམས་ལ་ཚིགས་སུ་བཅད་པ་ཡང་དག་པར་སྦྱར་བའི་ཚེ་ཚིག་སྡུད་མང་བ་ཡིན་པས་རྣམ་དབྱེ་དང་ཚིག་ཕྲད་ལ་སོགས་པའི་མཚམས་སྦྱོར་མང་དུ་བསྡུས་པ་ཡོད་ན་ལྟ་ཅི་སྨོས། ཅུང་ཟད་བསྡུས་པར་གྱུར་པ་ཡོད་ན་ཡང་། དེ་ནི་འདིར་སྔོན་དུ་བསྟན་པའི་སླར་བསྡུ་ལ་སོགས་པ་ཇི་སྐད་བཤད་པ་དེ་བཞིན་དུ་བསྣན་ཅིང་སྦྱར་ཏེ་བཤད་པའི་དོན་ཁོང་དུ་ཆུད་པར་བྱ་སྟེ། དཔེར་ན། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་པ་ལྟ་བུར། ཟག་པ་དང་བཅས་པའི་ཆོས་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས། ཞེས་སྡུད་པའི་སྒྲ་དང་འབྲེལ་སྒྲ་སོགས་བསྣན་ནས་དོན་རང་གིས་བསམ་པ་དང་གཞན་ལ་འཆད་དགོས་པ་བཞིན་ནོ། །
གཉིས་པ་ཉན་པ་པོ་སྤྲོ་བསྲིང་བའི་སྒོ་ནས་འདོམས་པ་ལ་གསུམ། རྗེས་འཇུག་མེད་མི་རུང་དུ་བསྟན་པ། རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ། དེ་དོན་ལ་དབབ་པའི་ཚུལ་བསྟན་པའོ། །དང་པོ་ནི།
སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞིའི་ཡི་གེ་གང་ཡིན་ལ། །
ཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད། །ཨཱ་ལི་བཞི་ལས་གང་ལྡན་ཡང་། །
རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །
ཅེས་པ་སྟེ། མིང་ཚིག་གི་སྦྱོར་བ་རྣམས་ལ་གོང་དུ་བཤད་པའི་སྔོན་འཇུག་གི་ཡི་གེ་རྣམས་སྔོན་དུ་ཞུགས་ཡོད་དམ་མེད་ཀྱང་རུང་སྟེ། དཔེར་ན། བཀ་དང་ཀ་ལྟ་བུ་དང་། འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞིའི་ཡི་གེ་གང་ཡིན་པ་རྣམས་ལ་སྐ་ལྟ་བུ་ཉིས་འབྲེལ་ཡོད་དམ། སྐྱ་ལྟ་བུ་གསུམ་འབྲེལ་ཡོད་པ་དང་། དེ་དག་ལ་ཨཱ་ལི་བཞི་ལས་གང་ཡང་རུང་བ་དང་ལྡན་པ། བཀི། ཀུ། སྐེ། སྐྱོ། ལྟ་བུ་རྣམས་ལའང་རྗེས་འཇུག་བཅུ་པོ་གང་ཡང་རུང་བ་ཞིག་མ་ཞུགས་ན་ཡི་གེའི་གཟུགས་དེ་ཉིད་ལས་མིང་དོན་གཞན་ལ་འཇུག་ཅིང་སྦྱོར་བ་ནི་ཚུལ་འདི་ལ་ནམ་ཡང་སྲིད་པ་མ་ཡིན་ཏེ། ད་ལྟ་སྐྱོ་ལྟ་བུས་དོན་ལ་འཇུག་པར་སྣང་ཡང་སྐྱོའ་ཞེས་པའི་འ་མཐའ་སྐད་གསར་བཅད་ཀྱི་ཚེ་ཡི་གེ་ཟོར་ཡང་བའི་ཆེད་དུ་ཕྱིས་པ་ཡིན་གྱི་དོན་ལ་ཐོབ་ཐང་མེད་པ་ནི་མ་ཡིན་ནོ། །
གཉིས་པ་རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ་ནི།
རྗེས་འཇུག་བཅུ་ཡི་དོན་ཤེས་ན། །འདྲི་དང་ཀློག་དང་བཤད་རྣམས་ཀྱི། །
མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །འབྲེལ་པ་སྨྲ་བའི་མཆོག་ཏུ་འགྱུར། །
གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང་། །
དོན་དང་མཐུན་པའི་སྦྱོར་བ་ཤེས། །
ཞེས་པ་སྟེ། དེ་ལྟར་རྗེས་འཇུག་བཅུའི་བྱ་བ་དང་གཙོ་བོར་འབྲེལ་བའི་ཕྲད་དང་རྣམ་དབྱེ་ལ་སོགས་པའི་སྒྲ་དོན་གྱི་འཇུག་ཚུལ་ལེགས་པར་ཤེས་ན་མདོ་རྒྱུད་བསྟན་བཅོས་རྣམས་ཡི་གེར་འདྲི་བ་དང་། བྲིས་ཟིན་པ་རྣམས་བརྗོད་པ་དག་པར་ཀློག་པ་དང་། ཚིག་དོན་རྒྱ་ཆེར་བཀྲོལ་ནས་བཤད་པ་བྱེད་པ་དང་། དེར་མ་ཟད་བསྟན་བཅོས་སོགས་རྩོམ་པ་དང་། གཞན་གྱིས་རྒོལ་བ་ཚར་གཅོད་པའི་ཕྱིར་རྩོད་པ་བྱེད་པ་ལ་སོགས་པའི་ཚེ་ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་སྒྲ་དོན་རྣམས་ལ་བློ་གྲོས་ཀྱི་སྣང་བ་འཇུག་པར་ཐོགས་པ་མེད་ཅིང་། ཚིག་དོན་སྔ་ཕྱི་གོ་ལོག་པ་དང་། མི་འབྲེལ་བ་དང་། འགལ་བ་ལ་སོགས་པའི་སྐྱོན་མེད་པར་འཐད་པ་དང་ལྡན་ཅིང་འབྲེལ་ཆགས་པ་ཁོ་ན་སྨྲ་བའི་མཆོག་ཏུ་འགྱུར་བ་དང་། གཞན་ཡང་རྗེས་འཇུག་གི་དོན་ཚུལ་བཞིན་ཤེས་པ་དེས་བསྟན་བཅོས་ལ་སོགས་པའི་དོན་རྣམ་པར་འབྱེད་པའི་སྦྱོར་བ་སྟེ། དེའི་འགྲེལ་བཤད་སོགས་སྔོན་ཆད་མ་མཐོང་ཡང་། འགྲེལ་བཤད་སོགས་ཀྱི་དོན་དང་མཐུན་པའི་ཚིག་གི་སྦྱོར་བ་རྗེས་སུ་དཔགས་ཏེ་ཤེས་པར་འགྱུར་རོ། །ཞེས་སོ། །
གསུམ་པ་དེ་དོན་ལ་དབབ་པའི་ཚུལ་བསྟན་པ་ནི།
རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་དང་། །
བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ། །
ཞེས་པ་སྟེ། རྗེས་འཇུག་གི་སྦྱོར་བ་རྣམས་ལ་མཁས་པར་གྱུར་ཅིང་། མཐུན་མོང་དང་མཐུན་མོང་མིན་པའི་རིག་གནས་ལ་སློབ་པར་འདོད་པ་དེའི་ཚེ་ན་རིག་གནས་མཐུན་མོང་བ་དྲང་སོང་དང་པཎྜི་ཏས་བྱས་པའི་སྒྲ་ཚད་བཟོ་གསོ་རྩིས་སྙན་མངོན་སྡེབ་ཟློས་གར་གྱི་བསྟན་བཅོས་དང་། མཐུན་མོང་མིན་པ་བཅོམ་ལྡན་འདས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའི་ལུང་གི་དོན་དང་། རྗེས་འཇུག་གི་སྦྱོར་བ་ལ་མཁས་པའི་རིགས་པ་དང་། བསླབ་བྱའི་དོན་ལ་མཁས་པའི་བླ་མའི་མན་ངག་ལེགས་པར་མཉན་པ་སྟེ་གསུམ་པོ་དེ་ཕྱོགས་གཅིག་ཏུ་ལེགས་པར་སྦྱར་ཏེ་ཤེས་པར་འདོད་པའི་གཞུང་དོན་གང་ཡིན་པ་དེའི་སྟེང་དུ་དབབ་པ་སྟེ་བདེ་བླག་ཏུ་རྟོགས་པར་འགྱུར་བ་དེ་ལྟར་བྱའོ། །ཞེས་སོ། །
དེའང་གཞུང་དོན་རྟོགས་དཀའ་ཞིང་འཁྲུལ་གཞི་ཡོད་པ་རྣམས་ལུང་དོན་དང་སྦྱོར་དགོས་པ་དང་། ལུང་དོན་ཟབ་ཅིང་རྒྱ་ཆེ་བ་རྣམས་མན་ངག་གིས་འགྲོལ་དགོས་པའི་དོན་ཏེ། ཚིག་སྦྱོར་ཕྲ་མོ་རེ་ལའང་གསུམ་ག་ཚོགས་དགོས་པ་ནི་མ་ཡིན་ནོ། །
གསུམ་པ་བསླབ་ཚུལ་གོ་རིམ་ལ་འདོམས་པ་ནི།
བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང་། །
སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །
རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །མཉན་བསམ་བསྟན་པའི་དོན་དུ་སྦྱར། །
ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་དོན་ལ་དབབ། །
བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །
ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །
དེ་ནས་རྒྱས་པའང་མཉན་བྱས་ཏེ། །བསླབ་པ་གང་ལ་དད་པ་ཡི། །
གཞུང་ཉིད་བླ་མ་དག་ལས་མཉན། །
ཞེས་པ་སྟེ། རིག་པའི་གནས་གང་ཞིག་བསླབ་པར་བྱ་བ་ལ་བརྩོན་པས་འཇུག་པར་བྱེད་པའི་གང་ཟག་ལས་དང་པོ་བ་དེས་ནི། ཐོག་མ་ཉིད་དུ་ང་རོ་ཞེས་བྱ་བ་ཡི་གེ་རྐྱང་པ་རྣམས་ཡི་གེའི་མདོ་ལས་འབྱུང་བ་ལྟར་རང་རང་གི་སྐྱེས་གནས་དང་། བྱེད་པ་དང་། ཕྱི་ནང་གི་རྩོལ་བ་རྣམས་དང་མཐུན་པ་དང་། དབྱངས་ལྡན་རྣམས་ཀྱང་སོ་སོའི་ང་རོ་དབྱུང་ཚུལ་དང་བཅས་རེ་རེ་ནས་ཀློག་པའི་སྒྲ་གདངས་ལ་སྦྱང་བར་བྱ་ཞིང་། དེ་ནས་སྔོན་འཇུག་ལྔ་དང་། འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞི་སུམ་ཅུ་དང་། རྗེས་འཇུག་བཅུ་སྟེ། དེ་གསུམ་ཅི་རིགས་པ་ཚེག་བར་གཅིག་ཏུ་སྦྱོར་བའི་ཚུལ་ཡང་བྱིས་པ་བདེ་འཇུག་ནས་འབྱུང་བ་ལྟར་ཀློག་ལེགས་པར་ཤེས་པའི་ཆེད་དུ་བསླབ་པར་བྱ་བ་ཡིན་པ་དང་། ཀློག་ལ་བྱང་ནས་རྗེས་འཇུག་སྟེ་དེར་སྔོན་འཇུག་ཀྱང་འདུས་པས་དེ་དག་རྟགས་འཇུག་ནས་བཤད་པ་ལྟར། སྒྲ་དོན་གང་ལ་འཇུག་པ་དང་། ཡི་གེ་གང་གིས་འཇུག་པ་དང་། ཚུལ་ཇི་ལྟར་འཇུག་པ་དང་། དགོས་པ་ཅིའི་ཕྱིར་འཇུག་པ་སྟེ་རྣམ་པ་བཞིའི་སྦྱོར་བ་རྣམས་ནི་བླ་མ་ལས་ལེགས་པར་བཤད་པ་མཉན་པ་དང་། དེའི་དོན་རང་ཉིད་ཀྱིས་ཚུལ་བཞིན་དུ་བསམ་པ་དང་། རང་གི་ཁོང་དུ་ཆུད་ནས་གཞན་ལ་བསྟན་པ་རྣམས་ཀྱི་དོན་དུ་སྦྱར་ཏེ་མཁས་པར་བསླབ་པར་བྱའོ། །ཀློག་དང་བརྡ་དག་གི་ཡན་ལག་དེ་ཉིད་ཀྱི་མཐུས་ནི། གང་བསླབ་པར་བྱ་བ་དེ་ཤེས་པའི་འབྲས་བུ་ཐོབ་པར་བྱ་བའི་སླད་དུ་དོན་ལ་དབབ་ནས་ཉམས་སུ་བསྟར་བར་བྱའོ། །དེ་ལྟར་བསླབ་པའི་རིམ་པ་འདིས་ནི་སྐྱེས་བུ་གང་ཞིག་ཐོས་བསམ་ལ་བརྩོན་འགྲུས་ཆེན་པོ་དང་ལྡན་པ་རྣམས་སྨོས་ཅི་དགོས་ཏེ། འབད་པ་ཆུང་ངུ་ཙམ་བྱས་པས་ཀྱང་ཚིག་དོན་ལ་རྨོངས་པ་མེད་པའི་ཤེས་རབ་མྱུར་དུ་གྲོལ་བར་འགྱུར་རོ། །རྒྱུ་མཚན་དེའི་ཕྱིར་མཁས་པར་འདོད་པ་རྣམས་ཀྱིས་ཐོག་མར་སུམ་ཅུ་པའི་གཞུང་འདི་ཉིད་བསླབ་པར་བྱ་ཞིང་། འདི་ཤེས་ནས་རྟགས་འཇུག་ལ་སོགས་པ་འདིའི་སྐབས་ཕྱི་མ་རྣམས་དང་། དེ་ནས་བརྡ་སྤྲོད་པའི་གཞུང་རྒྱས་པ་གཞན་དང་གཞན་རྣམས་ཀྱང་མཉན་པར་བྱས་ནས་ཁོང་དུ་ཆུད་པ་ན། ཐེག་པ་གསུམ་གྱི་གཞིར་གྱུར་པའི་བསླབ་པ་གང་ལ་དད་ཅིང་སློབ་པར་འདོད་པ་དེའི་གཞུང་ལུགས་ཡན་ལག་དང་བཅས་པ་ཉིད་བླ་མ་རྣམས་ལས་མཉན་པར་བྱའོ། །ཞེས་སོ། །
བཞི་པ་གདམས་ངག་སྣོད་རུང་ལ་བསྟན་དགོས་པར་འདོམས་པ་ནི།
སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། །ལེ་ལོ་གཡེང་བ་རྣམ་པར་སྤངས། །
ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །
དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་ལྡོག་པའོ། །
ཞེས་པ་སྟེ། བསྟན་བཅོས་འདི་ཉིད་ཀྱི་གདམས་ངག་བསྟན་དུ་རུང་བའི་སྣོད་ནི། གདམས་ངག་སྟོན་མཁན་གྱི་སློབ་དཔོན་དེ་ལ་སློབ་དཔོན་དུ་འཛིན་ཅིང་། ཞེ་ས་དང་བཅས་པས་དྲིན་དུ་གཟོ་བ་དང་། འགལ་རྐྱེན་བསླབ་པར་བྱ་བའི་གནས་དེ་ལ་སྤྲོ་བ་ཞན་པའི་ལེ་ལོ་དང་། བྱ་བ་གཞན་ལ་འཇུག་པའི་གཡེང་བ་གཉིས་སྤངས་པ་སྟེ། སྐྱོན་དེ་དག་གིས་ཀྱང་གླགས་མི་རྙེད་པའི་རྟག་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་དང་། མཐུན་རྐྱེན་ཟོ་སྟེ་རང་བཞིན་བཟང་ཞིང་། བསླབ་བྱའི་གནས་ལ་མཆོག་ཏུ་དད་པ་ལ་བརྟེན་པའི་གུས་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་སྟེ། མཚན་ཉིད་གསུམ་དང་ལྡན་པའི་སྐྱེས་བུ་དེས་ནི་བསླབ་པར་བྱ་བ་གང་ཡིན་པ་དེ་མྱུར་དུ་རྟོགས་པར་འགྱུར་བས་དེ་ལ་དུས་ཤེས་པར་བྱས་ནས་དུས་སུ་འདོམས་པར་བྱ་ཞིང་། གོང་དུ་བཤད་པའི་སྣོད་ལྡན་གྱི་ཅིག་ཤོས་སློབ་དཔོན་ལ་མི་གུས་པ་དང་། ལེ་ལོ་དང་གཡེང་བ་ཅན་དང་། རང་བཞིན་ངན་ཅིང་དད་པ་མེད་པ་རྣམས་ནི་སྣོད་དང་མི་ལྡན་པས། དུས་སུ་འདོམས་པ་དེ་ལས་གོ་ལྡོག་སྟེ་རེ་ཞིག་འདོམས་པར་བྱ་བ་མ་ཡིན་མོད། འོན་ཀྱང་ཕྱི་ནས་དོན་དུ་གཉེར་ཞིང་འདུན་པར་གྱུར་ན་ལེགས་པར་རྗེས་སུ་བསྟན་པར་ཡང་བྱའོ་ཞེས་སོ། །
སྨྲས་པ། ཨ་འདུས་རིག་བྱེད་སྲད་བུ་ལ་བརྒྱུས་པའི། །ཀ་འཕྲེང་མཁའ་མེའི་གྲངས་འཁྱུད་ཨཀྴ་ར། །མིང་གཞིའི་སྔོན་རྗེས་འཇུག་པའི་རྣམ་འགྱུར་ཅན། །ཚིག་ཕྲད་རྣམ་དབྱེའི་མགུལ་རྒྱན་སྤེལ་ཟིན་ནས། །སྤྱི་དང་བྱེ་བྲག་རྟགས་ཀྱི་དབྱེ་བ་ཡིས། །དུས་གསུམ་བདག་གཞན་བྱ་བྱེད་སྒྲ་དོན་ལ། །འཇུག་ཚུལ་སྔོན་མེད་ལེགས་བཤད་མ་ཎི་ཀའི། །དོ་ཤལ་གཟུར་གནས་སྐྱེ་བོའི་རྒྱན་དུ་དགོད། །
གཉིས་པ་རྟགས་ཀྱི་འཇུག་པ་བཤད་པ་ལ་གསུམ། མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ། སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པའོ། །དང་པོ་ནི།
ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་པ་ཕྱེད་དང་བརྒྱད་གནས་པའང་། །
སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཕོ་དང་མ་ནིང་མོ་དང་ནི། །
ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་པ་བཞི་པ་ཡན་ཆད་དབྱེ། །
ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །
ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །
ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །
ཞེས་པ་སྟེ། སྤྱིར་བོད་ཀྱི་ཡི་གེ་རྣམས་ལ་ཕོ་མོ་གཉིས་སུ་དབྱེ་བའི་དབང་དུ་བྱས་ན། དབྱངས་ཡིག་མཚོན་བྱེད་ཨི་ཨུ་ཨེ་ཨོ་བཞི་ནི་ཤེས་རབ་ཀྱི་རང་བཞིན་མོ་དང་། ཀ་ནས་ཨའི་མཐར་ཐུག་པའི་གསལ་བྱེད་སུམ་ཅུ་པོ་རྣམས་ནི་ཐབས་ཀྱི་རང་བཞིན་ཕོར་ཤེས་པར་བྱའོ། །དེས་ན་ཕོའི་ཡི་གེ་འབའ་ཞིག་སྟེ་གསལ་བྱེད་སུམ་ཅུ་པོ་ཁོ་ན་ལ་སྡེ་པ་ཕྱེད་དང་བརྒྱད་དུ་གནས་ཏེ། སྡེ་པ་དང་པོ། ཀ་ཁ་ག་ང་། གཉིས་པ། ཅ་ཆ་ཇ་ཉ། གསུམ་པ། ཏ་ཐ་ད་ན། བཞི་པ། པ་ཕ་བ་མ། ལྔ་པ། ཙ་ཚ་ཛ་ཝ། དྲུག་པ། ཞ་ཟ་འ་ཡ། བདུན་པ། ར་ལ་ཤ་ས། ཕྱེད་པ། ཧ་ཨ་རྣམས་སོ། །
དེ་རྣམས་སྡེ་ཚན་ལྔ་རུ་དྲིལ་བ་ནི། སྒྲ་དྲག་པ་ཕོ་དང་། རན་པ་མ་ནིང་དང་། ཅུང་ཟད་ཞན་པ་མོ་དང་། དེ་ལས་ཀྱང་ཅུང་ཟད་ཞན་པ་ཤིན་ཏུ་མོ་དང་། ཤིན་ཏུ་ཞན་པ་མོ་གཤམ་སྟེ་རྣམ་པ་ལྔའོ། །
དེའང་སྡེ་པ་དང་པོ་བཞི་པོ་རྣམས་ཀྱི་དང་པོ། ཀ་ཅ་ཏ་པ་རྣམས་ཕོ་དང་། གཉིས་པ། ཁ་ཆ་ཐ་ཕ་རྣམས་མ་ནིང་དང་། གསུམ་པ། ག་ཇ་ད་བ་རྣམས་མོ་དང་། བཞི་པ། ང་ཉ་ན་མ་རྣམས་ཤིན་ཏུ་མོར་དབྱེ་བར་བྱའོ། །དེར་མ་ཕྱེ་བའི་ལྷག་མ་ཙ་སྡེ་ཕྱིན། ཡི་གེ་བཅུ་བཞི་གནས་པ་ལ། ཙ་ལ་སོགས་པ་སྟེ་ཙ་ཚ་ཛ་གསུམ་ནི་རིམ་བཞིན་སྔར་བསྟན་པའི་ཅ་ལ་སོགས་པ་གསུམ་དང་སྦྱར་བར་བྱ་སྟེ། ཙ་ཕོ་དང་། ཚ་མ་ནིང་དང་། ཛ་མོར་ཤེས་པར་བྱའོ། །དེ་བཞིན་དུ་ཝ་ནི་བ་དང་སྦྱར་བས་མོ་དང་། ལྷག་མ་ཞ་ཟ་འ་ཡ་ཤ་ས་དྲུག་ཀྱང་མོའི་ཡི་གེར་སྦྱར་བར་བྱའོ། །ར་ལ་ཧ་གསུམ་ནི་མོ་གཤམ་གྱི་ཡི་གེ་ཞེས་བྱ་ཞིང་། ཨ་ཡིག་ནི་མོ་གཤམ་གྱི་ཡི་གེ་ཡིན་པར་མ་ཟད་ར་ལ་ཧ་གསུམ་ལས་ཀྱང་རྩོལ་བ་ཤིན་ཏུ་ཞན་པའི་ཕྱིར་ན་མཚན་མེད་ཀྱི་ཡི་གེ་ཞེས་ཀྱང་བྱའོ། །ཞེས་སོ། །
དེ་ཡང་གཞུང་ཕལ་མོ་ཆེར། མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་འབྱུང་བ་ནི་ཡི་གེ་ཉམས་པའོ། །
གཉིས་པ་སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་གསུམ། མིང་གཞི་ལས་སྔོན་རྗེས་དབྱུང་ཚུལ་བཤད་པ། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ། སྔོན་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པའོ། །དང་པོ་ནི།
མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །
འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །
ཞེས་པ་སྟེ། མོའི་ཡི་གེ་ལ་བཤད་མ་ཐག་པ་ལྟར་མོ་ཙམ་དང་། ཤིན་ཏུ་མོ་དང་། མོ་གཤམ་སྟེ་གསུམ་དུ་གནས་པ་སོ་སོར་མ་ཕྱེ་བའི་ནང་ནས་སྔར་སུམ་ཅུ་པར་བཤད་པ་ལྟར་རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་པོ་རྣམས་དབྱུང་བར་བྱ་ཞིང་། དེའི་ནང་ནས་ཀྱང་སྔོན་འཇུག་གི་ཡི་གེ་ག་ད་བ་མ་འ་སྟེ་ལྔ་པོ་རྣམས་དབྱུང་བར་བྱའོ། །ཞེས་སོ། །
གཉིས་པ་སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་ནི།
སྔོན་འཇུག་ཡི་གེ་ལྔ་པོ་ལ། །ཕོ་དང་མ་ནིང་མོ་དང་ནི། །
ཤིན་ཏུ་མོ་དང་བཞི་རུ་དབྱེ། །
ཞེས་པ་སྟེ། བཤད་མ་ཐག་པའི་སྔོན་འཇུག་གི་ཡི་གེ་ལྔ་པོ་དེ་ལ། མིང་གཞི་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་དྲག་ཞན་དུ་འགྱུར་བའི་ཆ་ནས་ཕོ་བ་ཡིག་དང་། མ་ནིང་ག་ད་གཉིས་དང་། མོ་འ་ཡིག་དང་། ཤིན་ཏུ་མོ་མ་ཡིག་སྟེ་བཞིར་དབྱེ་བར་བྱའོ། །ཞེས་སོ། །
གསུམ་པ་སྔོན་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།
དེ་དག་རེ་རེའང་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །
ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །
ཅེས་པ་སྟེ། སྔོན་འཇུག་གི་ཡི་གེ་ཕོ་སོགས་དེ་དག་རེ་རེའི་འཇུག་ཚུལ་ལའང་རྣམ་པ་བཞི་བྱེད་པ་སྟེ་བྱེད་པ་བཞི་བཞིའི་སྒོ་ནས་རྟོགས་དགོས་ཏེ། འཇུག་ཡུལ་མིང་གཞིའི་ཡི་གེ་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་སྔོན་འཇུག་གི་ཡི་གེ་གང་གིས་འཇུག་པར་བྱེད་པ་དང་། སྒྲའི་འཇུག་ཚུལ་ཇི་ལྟ་བུས་འཇུག་པར་བྱེད་པ་དང་། དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་པ་རྣམས་སོ། །ཞེས་པའོ། །
གཉིས་པ་རྒྱས་པར་བཤད་པ་ལ་གསུམ། གང་ལ་འཇུག་པ་དང་གང་གིས་འཇུག་པ་མཐུན་མོང་དུ་བཤད་པ། ཇི་ལྟར་འཇུག་པ་བཤད་པ། ཅི་ཕྱིར་འཇུག་པ་བཤད་པའོ། །དང་པོ་ལ་གཉིས། དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པའོ། །དང་པོ་ནི།
གང་ལ་འཇུག་པར་བྱེད་ཅེ་ན། །
ཞེས་པའོ། །
གཉིས་པ་ལན་གྱིས་བསྙད་པ་ལ་གཉིས། ལན་གྱིས་བསྙད་པ་དངོས་དང་། ཞར་བྱུང་མི་འཇུག་པ་བཤད་པའོ། །དང་པོ་ནི།
ཕོ་ནི་ཕོ་དང་མོ་ལ་འཇུག། མོ་ནི་མོ་དང་མ་ནིང་ལ། །
མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང་། །
མོ་དང་ཤིན་ཏུ་མོ་ཉིད་ལའོ། །
ཞེས་པ་སྟེ། དེ་ལ་གང་གིས་འཇུག་པར་བྱེད་པ་པོ་ཕོའི་ཡི་གེ་བ་ནི་རང་གི་སྡེ་པ་མ་ཡིན་པའི་མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་ཙ་བཞི་དང་། མོ་ཡིག་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་བཅུ་གཉིས་ཏེ་བཅུ་དྲུག་ལ་འཇུག་གོ། དེ་བཞིན་དུ། སྔོན་འཇུག་གི་མོ་འ་ཡིག་ནི་མིང་གཞིའི་མོ་ཡིག་ག་ཇ་ད་བ་ཛ་ལྔ་དང་། མ་ནིང་ཁ་ཆ་ཐ་ཕ་ཚ་ལྔ་སྟེ་བཅུ་ལ་འཇུག་གོ། སྔོན་འཇུག་གི་མ་ནིང་ག་ཡིག་ནི་མིང་གཞིའི་ཕོ་ཡིག་ཅ་ཏ་ཙ་གསུམ་དང་། མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ་ས་བརྒྱད་དེ་བཅུ་གཅིག་ལ་འཇུག་ཅིང་། ད་ཡིག་ནི་མིང་གཞིའི་ཕོ་ཡིག་ཀ་པ་གཉིས་དང་། མོ་ཡིག་ག་ང་བ་མ་བཞི་སྟེ་དྲུག་ལ་འཇུག་གོ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་བཞི་དང་། མོ་ཡིག་ག་ཇ་ད་ཛ་བཞི་དང་། ཤིན་ཏུ་མོ་ང་ཉ་ན་གསུམ་སྟེ་བཅུ་གཅིག་ལ་འཇུག་གོ། ཞེས་སོ། །
དེའང་བསྐྱེད་ཅེས་པ་ལྟ་བུའི་འཕུལ་རྟེན་གྱི་བ་དང་དའི་འཇུག་ཡུལ་སྤྱིར་ས་ཀ་ཡ་གསུམ་ག་ཡིན་ཀྱང་འཇུག་ཡུལ་གཙོ་བོ་ནི་ཀ་ཡིག་ཉིད་ཡིན་པས་སྐབས་འདིར་ཡང་གང་ལ་འཇུག་པ་དེ་འཇུག་ཡུལ་གཙོ་བོ་དེ་ལ་བྱེད་དགོས་ཏེ། དེ་ལྟ་མ་ཡིན་ན་འགྱེད་ཅེས་པ་ལྟ་བུའི་ཚེ་འ་ཡིག་རང་སྡེའི་ཡ་ཡིག་ལ་འཇུག་པར་ཁས་ལེན་དགོས་པས་སོ། །
གཉིས་པ་ཞར་བྱུང་མི་འཇུག་པ་བཤད་པ་ནི།
ཕོ་ནི་མ་ནིང་ལ་མི་འཇུག། མོ་ནི་ཕོ་ལ་འཇུག་པ་མིན། །
མ་ནིང་རང་ལ་རང་མི་འཇུག། རང་གི་སྡེ་དང་ཕྲད་པ་ན། །
ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །
ཞེས་པ་སྟེ། སྔོན་འཇུག་གི་ཕོ་བ་ཡིག་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་འ་ཡིག་དང་། དེའི་ཤུགས་བསྟན་ཤིན་ཏུ་མོ་མ་ཡིག་དག་ནི་མིང་གཞིའི་ཕོ་ཀ་ཅ་ཏ་པ་ཙ་རྣམས་ལ་མི་འཇུག་པ་དང། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི་མིང་གཞིའི་ཡང་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་གོ། ཡང་སྔར། ཕོ་ནི་ཕོ་དང་མོ་ལ་འཇུག། ཅེས་སོགས་ཀྱི་དམིགས་བསལ་སྔོན་འཇུག་རྣམས་བཞི་ཚན་དུ་ཕྱེ་བའི་རང་རང་གི་སྡེ་པའི་མིང་གཞི་རྣམས་དང་ཕྲད་པའི་ཚེ་ན་སྔོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་མོ་བ་མ་དག་ལ་མི་འཇུག་ཅིང་། ཡང་སྒྲས་ཕོ་ཡིག་པ་ལའང་མི་འཇུག་པར་བསྟན་པ་དང་། དེ་བཞིན་དུ་སྔོན་འཇུག་གི་མ་ནིང་ག་ད་གཉིས་ཀྱང་རང་སྡེའི་ཕོ་མོ་དག་ལ་མི་འཇུག་པས་ག་ཡིག་མིང་གཞིའི་ཀ་ག་ང་རྣམས་དང་། ད་ཡིག་མིང་གཞིའི་ཏ་ད་ན་རྣམས་ལ་མི་འཇུག་ཅིང་། སྔོན་འཇུག་གི་མོ་ཡིག་འ་ནི་རང་སྡེའི་མིང་གཞིའི་མོ་ཞ་ཟ་འ་ཡ་རྣམས་ལ་མི་འཇུག་པ་དང་། ཡང་སྒྲས་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་རང་སྡེའི་མིང་གཞིའི་མ་ནིང་ཕ་དང་། མོ་བ་དང་། ཤིན་ཏུ་མོ་མ་རྣམས་ལ་འཇུག་པ་མ་ཡིན་ནོ། །ཞེས་སོ། །
གཉིས་པ་ཇི་ལྟར་འཇུག་པ་བཤད་པ་ལ་གཉིས། དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པའོ། །དང་པོ་ནི།
ཇི་ལྟར་འཇུག་པར་བྱེད་ཅེ་ན། །
ཞེས་པའོ། །
གཉིས་པ་ལན་གྱིས་བསྙད་པ་ནི།
ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །
མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །
ཞེས་པ་སྟེ། སྔོན་འཇུག་གི་ཕོ་ཡིག་བ་ནི་མིང་གཞིའི་ཡི་གེ་རང་གི་འཇུག་ཡུལ་དུ་གྱུར་པ་རྣམས་ལ་སྒྲ་དང་བྱེད་རྩོལ་དྲག་པའི་སྒོ་ནས་འཇུག་པ་དང་། མ་ནིང་ག་ད་གཉིས་ནི་སྒྲ་རྩོལ་རན་པར་འཇུག་པ་དང་། མོ་ཡིག་འ་ནི་སྒྲ་རྩོལ་ཞན་པས་འཇུག་པ་དང་། ཤིན་ཏུ་མོ་མ་ནི་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ལྷོད་ཅིང་ཉམ་ཆུང་བའི་ཚུལ་གྱིས་འཇུག་པར་བྱེད་དོ་ཞེས་སོ། །
གསུམ་པ་ཅི་ཕྱིར་འཇུག་པ་བཤད་པ་ལ་གཉིས། དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པའོ། །དང་པོ་ནི།
ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །
ཞེས་པའོ། །
གཉིས་པ་ལན་གྱིས་བསྙད་པ་ནི།
ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །
མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །
ཞེས་པ་སྟེ། སྔོན་འཇུག་གི་ཕོ་ཡིག་བ་ནི་དགོས་པ་དུས་གསུམ་ལས། ལྷ་བསྒྲུབས་སོ། །ལྕགས་གསེར་དུ་བསྒྱུརད་ཏོ། །ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་པ་འདས་པ་བསྒྲུབ་པའི་ཕྱིར་དང་། དངོས་པོ་བདག་གཞན་གཉིས་ལས། གཞན་ཏེ། བཏུང་བ། བདུག་པ། བསྒྲུབ་བྱ། བསྒྲུབ་པར་བྱ་བ། བསྒྲུབ་བྱའི་ལྷ། བསྒྱུར་བྱ། བསྒྱུར་བར་བྱ་བ། བསྒྱུར་བྱའི་ལྕགས་ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་གྱི་དངོས་པོ་དང་། བསྒྲུབ་པར་བྱ། བསྒྲུབ་བོ། །བསྒྱུར་བར་བྱ། བསྒྱུར་རོ། །ལྟ་བུ་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་གསལ་བྱེད་ཀྱི་སྒྲ་ཉིད་བསྒྲུབ་པའི་ཕྱིར་འཇུག་གོ།
སྔོན་འཇུག་གི་མ་ནིང་ག་ད་དག་ནི་ཤིང་གཅོད་པ་པོ། གཅོད་བྱེད། སྐྱོན་དགག་པ་པོ། དགག་བྱེད་ལྟ་བུ་བྱེད་པ་པོའི་དངོས་པོ་དང་། གཅོད་པར་བྱེད། གཅོད་དོ། །དགག་པར་བྱེད། དགག་གོ། ལྟ་བུ་བྱེད་པ་པོ་དང་འབྲེལ་བའི་བྱེད་ལས་གསལ་བྱེད་ཀྱི་སྒྲ་གཉིས་བདག་གི་དངོས་པོ་དང་། གདམ་པ། གཟུང་བ། གཅད་བྱ། གཅད་པར་བྱ་བ། གཅད་བྱའི་ཤིང་། དགག་བྱ། དགག་པར་བྱ་བ། དགག་བྱའི་སྐྱོན་ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་གྱི་དངོས་པོ་དང་། གཅད་པར་བྱ། གཅད་དོ། །དགག་པར་བྱ། དགག་གོ། ལྟ་བུ་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་གསལ་བྱེད་ཀྱི་སྒྲ་གཉིས་གཞན་གྱི་དངོས་པོ་སྟེ། དངོས་པོ་བདག་དང་གཞན་གཉིས་ཀ་བསྒྲུབ་པའི་ཕྱིར་འཇུག་པ་དང་། དེར་མ་གཏོགས་པའི་དུས་གསུམ་ལས། གཅོད་ཀྱིན་འདུག། གཅོད་བཞིན་པའོ། །དགག་གིན་འདུག། དགག་བཞིན་པའོ། །ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱེད་བཞིན་པ་ད་ལྟར་བ་བསྒྲུབ་པའི་ཆེད་དུ་འཇུག་སྟེ། ད་ལྟར་བ་ནི་བྱེད་ལས་གསལ་བྱེད་ཀྱི་སྒྲ་ཉིད་ཚིག་གྲོགས་ཀྱིས་བསྒྱུར་བའོ། །
སྔོན་འཇུག་གི་མོ་ཡིག་འ་ནི་མདུད་པ་འགྲོལ་པ་པོ། འགྲོལ་བྱེད། ཡོས་འཐག་པ་པོ། འཐག་བྱེད་ལྟ་བུ་བྱ་བྱེད་ཐ་དད་དུ་སྣང་བའི་བྱེད་པ་པོའི་དངོས་པོ་དང་། མདུད་པ་འགྲོལ་བར་བྱེད། འགྲོལ་ལོ། །ཡོས་འཐག་པར་བྱེད། འཐག་གོ། ལྟ་བུ་བྱེད་པ་པོ་དང་འབྲེལ་བའི་བྱེད་ལས་གསལ་བྱེད་ཀྱི་སྒྲ་སྟེ། དེ་རྣམས་དངོས་པོ་བདག་ཡིན་པས་དེ་བསྒྲུབ་པའི་ཕྱིར་དང་། འགྲོལ་གྱིན་འདུག། འཐག་བཞིན་པའོ། །འགྱུར་གྱིན་འདུགའགྲུབ་བཞིན་པའོ། །ལྟ་བུ་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟར་བ་བསྒྲུབ་པའི་ཕྱིར་དང་། འཁོར་ལོ་འཁོར་བར་འགྱུར། དོན་འགྲུབ་པར་འགྱུར། ལྟ་བུ། བྱེད་པ་པོ་གཞན་དངོས་སུ་མེད་པར་བྱ་བྱེད་ཐ་མི་དད་པ་ལྟ་བུར་སྣང་བའི་བྱ་བ་བྱེད་འགྱུར་མ་འོངས་པའི་དུས་བསྒྲུབ་པ་རྣམས་ཀྱི་ཕྱིར་འཇུག་གོ།
སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་མཁས་པར་བྱས། མཁས་པ། མཁས་པར་བྱེད། མཁས་བྱ། མཁས་པར་བྱ། མཁས་པར་གྱུར། མཁས་བཞིན་པ། མཁས་པར་འགྱུར། ལྟ་བུ་སྔར་བཤད་པའི་བདག་གཞན་དང་། དུས་གསུམ་གྱི་བྱེ་བྲག་མེད་པར་ཐམས་ཅད་ལ་མཉམ་པ་སྟེ་མཚུངས་པ་ཉིད་བསྒྲུབ་པའི་ཕྱིར་འཇུག་གོ།
དེ་ཡང་དུས་གསུམ་གྱི་དབྱེ་བས་ནི་བྱ་བྱེད་ཀྱི་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ་སྟེ། བྱ་བའི་ལས་ཐམས་ཅད་མ་འོངས་པ་དང་། བྱེད་པའི་ལས་ཐམས་ཅད་ད་ལྟར་བ་ཡིན་པས་སོ། །བདག་གཞན་གྱི་དབྱེ་བས་ནི་བྱ་བྱེད་ཀྱི་ལས་ཐམས་ཅད་ལ་མ་ཁྱབ་སྟེ། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བྱེད་ཀྱི་ལས་རྣམས་ལ་མ་ཁྱབ་པའི་ཕྱིར་རོ། །
དེས་ན་བདག་གཞན་གྱི་དབྱེ་བ་མཛད་པ་ནི་བྱེད་པ་པོ་དང་། བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་དུ་ཡིན་ཅིང་། དེའི་ཞོར་ལ་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་བསྡུས་པ་ཡིན་ལ། དུས་གསུམ་གྱི་དབྱེ་བ་མཛད་པ་ནི་བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་བྱ་བྱེད་ཀྱི་སྒྲ་ལྷག་མ་རྣམས་བསྡུ་བའི་ཕྱིར་དུ་ཡིན་ནོ། །
འོ་ན་བྱེད་པ་པོ་མེད་པའི་བྱ་བྱེད་ཐ་མི་དད་པ་དེ་གང་ཡིན་ཞེ་ན། བྱ་བ་བྱེད་པའི་གནས་སྐབས་སུ་བྱེད་པ་པོ་གཞན་དངོས་སུ་མི་སྣང་བ་ཞིག་སྟེ། དེ་ཡང་བྱེད་པ་པོ་གཞན་མི་སྣང་ཞེས་པས། དཔེར་ན། བདག་འགྲོའོ། །ལྟ་བུའི་ཚེ། འགྲོ་བ་དེ་བྱ་ཚིག་ཡིན་ཀྱང་། འགྲོ་བྱ་འགྲོ་བྱེད་གཉིས་ཀ་བདག་ཡིན་པས་འགྲོ་བྱ་ལས་གཞན་པའི་འགྲོ་བྱེད་མེད་པས་ན་འདི་ལ་བདག་གཞན་གྱི་དབྱེ་བའང་མི་བྱེད་པ་ཡིན་ནོ། །
ཡང་བྱ་བ་བྱེད་པའི་གནས་སྐབས་སུ་བྱེད་པ་པོ་གཞན་མི་སྣང་ཞེས་པས། དཔེར་ན། རྫ་མཁན་གྱི་འཁོར་ལོ་འཁོར་རོ། །ལྟ་བུའི་ཚེ། དང་པོར་སྐོར་བྱེད་གཞན་ཡོད་ཀྱང་། འཁོར་བཞིན་པའི་གནས་སྐབས་སུ་སྐོར་བྱེད་གཞན་མེད་པར་རང་ཉིད་ངང་གིས་འཁོར་བས་གནས་སྐབས་དེར་བྱ་བྱེད་ཐ་མི་དད་པའི་ཆ་ནས་བསྐོར་ཞེས་མི་བརྗོད་པར་འཁོར་ཞེས་བརྗོད་པ་ཡིན་ནོ། །
ཡང་བྱེད་པ་པོ་གཞན་དངོས་སུ་མི་སྣང་ཞེས་པས། དཔེར་ན། སྐྱེས་བུ་ཞིག་གི་མདུན་དུ་ལྕགས་ཤིག་རང་བཞིན་གྱིས་གསེར་དུ་གྱུར་པའི་ཚེ། སྐྱེས་བུ་དེའི་བསོད་ནམས་ཉིད་བྱེད་པ་པོ་གཞན་ཡིན་མོད་ཀྱི་དེ་དངོས་སུ་མི་སྣང་བ་དང་ལྕགས་རང་ཉིད་ཀྱི་འབྱུང་བ་རྣམས་ཀྱི་བྱེད་པས་འགྱུར་བའི་ཆ་ནས་ལྕགས་གསེར་དུ་བསྒྱུར་ཅེས་མི་བརྗོད་པར་གྱུར་ཅེས་བརྗོད་པ་སྟེ། དེ་ཡང་ཞིབ་ཏུ་དཔྱོད་པའི་ཚེ་དངོས་པོའི་རང་མཚན་སོ་སོ་ནས་རང་གིས་རང་ལ་བྱ་བ་བྱེད་པ་འགལ་ཡང་། སྤྱི་ལྡོག་རགས་པའི་ཐ་སྙད་ཙམ་ལ་འགལ་བ་མེད་དོ། །དེ་དག་གིས་མཚོན་ནས་སྐབས་འདིར་ཕྲ་ཞིང་ཞིབ་པའི་བློས་བརྟག་དགོས་པ་མང་དུ་སྣང་ངོ། །
གསུམ་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་དང་། རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པའོ། །དང་པོ་ལ་གཉིས། སྤྱིར་རྟགས་གསུམ་དུ་དབྱེ་བ་དང་། ནང་གསེས་བརྒྱད་དུ་དབྱེ་བའོ། །དང་པོ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །
ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་པོ་དེ་རྣམས་ལ། ཕོ་ཡིག་ག་ད་བ་ས་བཞི་དང་། མོ་ཡིག་ང་མ་འ་གསུམ་དང་། མ་ནིང་ན་ར་ལ་གསུམ་སྟེ་གསུམ་དུ་དབྱེ་བར་བྱའོ། །ཞེས་སོ། །
གཉིས་པ་ནང་གསེས་བརྒྱད་དུ་དབྱེ་བ་ནི།
ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །
མ་ནིང་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག་དང་གསུམ་དུ་འདོད། །
ཅེས་པ་སྟེ། རྗེས་འཇུག་ལ་རྟགས་གསུམ་དུ་ཕྱེས་པ་དེ་ལ་སླར་ཡང་ནང་གསེས་ཀྱིས་བརྒྱད་དུ་དབྱེ་སྟེ་ཕོ་ཡིག་བཞི་ལ་ག་མཐའ་སའི་ཡང་འཇུག་ཅན་སྐྱེས་བུ་རབ་དང་། བ་མཐའ་སའི་ཡང་འཇུག་ཅན་སྐྱེས་བུ་འབྲིང་དང་། ག་ད་བ་སའི་མཐའ་ཅན་ཡང་འཇུག་མེད་པ་སྐྱེས་བུ་ཐ་མ་སྟེ་གསུམ་དུ་འདོད་པ་དང་། མོ་ཡིག་གསུམ་ལ་ང་མ་སའི་ཡང་འཇུག་ཅན་མོ་ཙམ་དང་། ང་མ་འའི་མཐའ་ཅན་ཡང་འཇུག་མེད་པ་ཤིན་ཏུ་མོ་སྟེ་གཉིས་སུ་འདོད་པ་དང་། མ་ནིང་གསུམ་ནི། མིང་གཞིའི་ཕོ་ཡིག་གི་མཐར་དའི་ཡང་འཇུག་ཡོད་མེད་གཉིས་ཀ་དང་། མོ་ཡིག་གི་མཐར་ཡང་འཇུག་མེད་པ་ཁོ་ན་དང་། མ་ནིང་མཐར་ཡང་འཇུག་ཡོད་པ་ཁོ་ན་སྟེ། གསུམ་ནི་འགྱུར་བ་མ་ནིང་དང་། མིང་གཞིའི་མོ་ཡིག་གི་མཐར་ཡང་འཇུག་ཡོད་པ་ནི་མཚན་གཉིས་མ་ནིང་དང་། མིང་གཞིའི་མ་ནིང་གི་མཐར་ཡང་འཇུག་མེད་པ་ནི་མཚན་མེད་མ་ནིང་སྟེ་གསུམ་དུ་དབྱེ་བར་འདོད་དོ། །ཞེས་སོ། །
གཉིས་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།
དེ་ཡང་བྱེད་པ་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །
ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །
ཅེས་པ་སྟེ། དེའང་རྗེས་འཇུག་ཕོ་མོ་མ་ནིང་གསུམ་པོ་རེ་རེ་ལའང་བྱེད་པ་བཞི་བཞིའི་སྒོ་ནས་འཇུག་ཚུལ་ཤེས་པར་བྱ་སྟེ། འཇུག་ཡུལ་ཡི་གེ་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་གང་གིས་འཇུག་པར་བྱེད་པ་དང་། ཚུལ་ཇི་ལྟར་འཇུག་པར་བྱེད་པ་དང་། དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་པ་རྣམས་ཀྱིས་སོ། །ཞེས་པའོ། །
གཉིས་པ་རྒྱས་པར་བཤད་པ་ལ་བཞི། གང་ལ་འཇུག་པ་བཤད་པ། གང་གིས་འཇུག་པ་བཤད་པ། ཇི་ལྟར་འཇུག་པ་བཤད་པ། ཅི་ཕྱིར་འཇུག་པ་བཤད་པའོ། །དང་པོ་ནི།
གང་ལ་ཡི་གེ་ཐམས་ཅད་ལ། །
ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དག་འཇུག་ཡུལ་གྱི་ཡི་གེ་གང་ལ་འཇུག་ཅེ་ན། ཀ་ནས་ཨའི་བར་གྱི་མིང་གཞིའི་ཡི་གེ་ཐམས་ཅད་ལ་བྱེ་བྲག་མེད་པར་འཇུག་གོ།
འོ་ན་རྗེས་འཇུག་གི་འཇུག་ཡུལ་ཡིན་ན་འདིར་བསྟན་མིང་གཞིའི་ཡི་གེ་ཡིན་པས་ཁྱབ་བམ་ཞེ་ན། མ་ཁྱབ་སྟེ། ཆོས་རྗེ་ས་པཎ་གྱིས། མཁས་པའི་ཁ་རྒྱན་དུ། ད་ས་དག་ནི་ཡང་འཇུག་པ་དག་གོ། ད་ནི་ན་ར་ལ་རྣམས་ཀྱིའོ། །ས་ནི་ག་ང་བ་མ་རྣམས་ཀྱིའོ། །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་གང་གིས་འཇུག་པ་བཤད་པ་ནི།
གང་གིས་བཅུ་པོ་དེ་དག་གིས། །
ཞེས་པ་སྟེ། ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་པོ་ཡི་གེ་གང་དང་གང་ཞིག་གིས་འཇུག་པར་བྱེད་ཅེ་ན། སྔར་བཤད་པའི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དག་གིས་འཇུག་གོ། ཞེས་སོ། །
གསུམ་པ་ཇི་ལྟར་འཇུག་པ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།
ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །
ཞེས་པ་སྟེ། རྗེས་འཇུག་རྣམས་ཚུལ་ཇི་ལྟར་འཇུག་པའང་རྣམ་པ་གཉིས་ཀྱི་སྒོ་ནས་ཤེས་པར་བྱ་སྟེ། རྗེས་འཇུག་ཞུགས་ཚུལ་གྱི་སྒྲ་དྲག་ཞན་དུ་འགྱུར་བ་སྒྲའི་འཇུག་ཚུལ་དང་། དེ་ལྟར་ཞུགས་པས་དོན་ཅི་ཞིག་སྟོན་པ་དོན་གྱི་འཇུག་ཚུལ་ལོ། །ཞེས་སོ། །
གཉིས་པ་རྒྱས་པར་བཤད་པ་ལ་གཉིས། སྒྲའི་འཇུག་ཚུལ་བཤད་པ་དང་། དོན་གྱི་འཇུག་ཚུལ་བཤད་པའོ། །དང་པོ་ལ་གཉིས། དྲག་ཞན་སྤྱིར་འཇུག་ཚུལ་བཤད་པ་དང་། ནང་གསེས་ཞིབ་ཏུ་འཇུག་ཚུལ་བཤད་པའོ། །དང་པོ་ནི།
ཕོ་གསུམ་མོ་གཉིས་མ་ནིང་གསུམ། །དྲག་ཞན་བར་མ་གསུམ་དུ་འཇུག།
ཅེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་ལས། ཕོ་སྐྱེས་བུ་རབ་འབྲིང་ཐ་གསུམ་མིང་གཞིའི་ཡི་གེ་གང་ལ་ཞུགས་ཀྱང་བརྗོད་པའི་སྒྲ་གདངས་དྲག་པར་དང་། དེ་བཞིན་དུ་མོ་ཙམ་དང་ཤིན་ཏུ་མོ་གཉིས་ཞུགས་ན་ཞན་པར་དང་། འགྱུར་བ་དང་མཚན་གཉིས་དང་མཚན་མེད་མ་ནིང་གསུམ་ཞུགས་ན་བར་མ་སྟེ་རན་པར་འཇུག་པ་ཡིན་ནོ། །ཞེས་སོ། །
གཉིས་པ་ནང་གསེས་ཞིབ་ཏུ་འཇུག་ཚུལ་བཤད་པ་ནི།
དྲག་པ་གསུམ་ཉིད་ནང་ཕྲད་དམ། །གལ་ཏེ་ཞན་པ་ནང་ཕྲད་ན། །
དེ་ལའང་ནང་གི་ཆ་ཤས་ཀྱིས། །དེ་ཡང་དྲག་ཞན་གཉིས་སུ་དབྱེ། །
མ་ནིང་གསུམ་དུ་གང་གཏོགས་པ། །དྲག་དང་ཕྲད་ན་དྲག་པར་འགྱུར། །
ཞན་དང་ཕྲད་ན་ཞན་པར་འགྱུར། །གཉིས་ཀ་དག་དང་ཕྲད་གྱུར་ན། །
དེ་ནི་གཉིས་ཀ་ཅན་དུ་འགྱུར། །གཉིས་ཀ་དག་དང་མ་ཕྲད་ན། །
གང་དུ་ཡང་ནི་མི་འགྱུར་རོ། །དེས་ན་འགྱུར་དང་མཚན་གཉིས་དང་། །
མཚན་མེད་དག་དང་གསུམ་དུ་འདོད། །དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །
ཞེས་པ་སྟེ། གོང་དུ་བཤད་པ་ལྟར་སྒྲ་གདངས་དྲག་པ་རྗེས་འཇུག་ཕོ་ཡིག་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་ཉིད་དུ་དབྱེ་བ་ནི་རྗེས་འཇུག་ཕན་ཚུན་ནང་འཕྲད་མ་འཕྲད་ཀྱིས་ཡིན་ཏེ། །དམ་ཞེས་པ་སྡུད་པའི་ཚིག་ཡིན་པས་གང་སྡུད་ཅེ་ན་ནང་གི་ཆ་ཤས་དྲག་ཞན་གཉིས་སུ་དབྱེ་བ་སྡུད་པ་ཡིན་ནོ། །
དབྱེ་ཚུལ་ནི། སྐྱེས་བུ་རབ་འབྲིང་གཉིས་ལ་ནང་འཕྲད་ཡོད་པས་སྒྲ་དྲག་པའི་དྲག་པ་དང་། སྐྱེས་བུ་ཐ་མ་ལ་ནང་འཕྲད་མེད་པས་སྒྲ་དྲག་པའི་ཞན་པ་གཉིས་སུ་དབྱེ་ཞིང་། དང་པོ་ལའང་སྐྱེས་བུ་རབ་སྒྲ་ཤིན་ཏུ་དྲག་པ་དང་། འབྲིང་དེ་ལས་ཅུང་ཟད་ཞན་པ་གཉིས་སུ་དབྱེ་བས་ནང་གསེས་གསུམ་དུ་འགྱུར་ཏེ། དཔེར་ན། སྐྱོགས། སྐྱབས། སྐས། སྐད། བཀག། བཀབ། ལྟ་བུའོ། །
དེ་བཞིན་དུ་གལ་ཏེ་སྒྲ་གདངས་ཞན་པ་རྗེས་འཇུག་མོ་ཡིག་ལ་མོ་ཙམ་དང་། ཤིན་ཏུ་མོ་གཉིས་སུ་དབྱེ་བའང་རྗེས་འཇུག་ཕན་ཚུན་ནང་ཕྲད་ན་སྟེ་ཕྲད་མ་ཕྲད་ཀྱིས་ཡིན་པས་དེ་ལའང་ནང་གི་ཆ་ཤས་ཀྱིས་མོ་ཙམ་ལ་ནང་འཕྲད་ཡོད་པས་སྒྲ་ཞན་པའི་དྲག་པ་དང་། ཤིན་ཏུ་མོ་ལ་ནང་འཕྲད་མེད་པས་སྒྲ་ཞན་པའི་ཞན་པ་གཉིས་སུ་དབྱེ་སྟེ། དཔེར་ན། བསྐངས། བསྐུམས། སྐོང་། སྐོམ། བཀའ། ལྟ་བུའོ། །
སྒྲ་གདངས་བར་མ་རྗེས་འཇུག་མ་ནིང་ལ་འགྱུར་བ་དང་། མཚན་གཉིས་དང་། མཚན་མེད་གསུམ་དུ་གང་གཏོགས་པའི་དབྱེ་བ་བྱས་པ་ནི་མིང་གཞིར་འཇུག་ཚུལ་དང་། རྗེས་འཇུག་ཕན་ཚུན་ནང་འཕྲད་མ་འཕྲད་གཉིས་ཀའི་སྒོ་ནས་ཡིན་ཏེ། བསྟནད། བསྐོརད། སྩལད། རྐུན། བསྟར། བཙལ། ལྟ་བུ་མིང་གཞི་ཕོ་ཡིག་གི་མཐར་ཡང་འཇུག་ཡོད་མེད་གཉིས་ཀ་དང་། ཕྱིནད། ཐརད། འཕྲུལད། ལྟ་བུ་མ་ནིང་གི་མཐར་ཡང་འཇུག་ཡོད་པ་གཉིས་ནི་སྒྲ་གདངས་དྲག་པ་དང་འཕྲད་པའི་དབང་གིས་དྲག་པར་འགྱུར་བ་དང་། འགྲན། འགོར། འགུལ། ལྟ་བུ་མོ་ཡིག་གི་མཐར་ཡང་འཇུག་མེད་པ་ནི། སྒྲ་གདངས་ཞན་པ་དང་ཕྲད་པའི་དབང་གིས་ཞན་པར་འགྱུར་བ་སྟེ། དེས་ན་དེ་གཉིས་ནི་འགྱུར་བ་མ་ནིང་དང་། འཛིནད། འབྱོརད། བསལད། ལྟ་བུ་མོ་ཡིག་གི་མཐར་ཡང་འཇུག་ཡོད་པ་ནི་སྒྲ་གདངས་དྲག་ཞན་གཉིས་ཀ་དང་འཕྲད་པའི་དབང་གིས་དྲག་ཞན་གཉིས་ཀ་ཅན་དུ་འགྱུར་བས་མཚན་གཉིས་མ་ནིང་དང་། མཐུན། འཐོར། འཁྲུལ། ལྟ་བུ་མ་ནིང་གི་མཐར་ཡང་འཇུག་མེད་པ་ནི་སྒྲ་གདངས་དྲག་ཞན་གཉིས་ཀ་དང་མ་ཕྲད་པའི་དབང་གིས་དྲག་ཞན་གང་དུའང་མི་འགྱུར་བར་སྒྲ་གདངས་མཉམ་པར་གནས་པས་མཚན་མེད་མ་ནིང་སྟེ་དབྱེ་བ་གསུམ་དུ་འདོད་དེ། དེ་དག་ནི་སྒྲ་གདངས་དྲག་ཞན་བར་མ་གསུམ་དུ་འཇུག་ཚུལ་གྱི་དབྱེ་བ་ཡིན་ནོ། །ཞེས་སོ། །
གཉིས་པ་དོན་གྱི་འཇུག་ཚུལ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།
དོན་ནི་རྣམ་པ་གཉིས་ཡིན་ཏེ། །སྔ་མ་གང་ལྟར་འགྱུར་བ་དང་། །
ཕྱི་མ་གང་ལྟར་འགྱུར་བའོ། །
ཞེས་པ་སྟེ། རྗེས་འཇུག་རྣམས་དོན་གང་དང་གང་ལ་འཇུག་པར་འགྱུར་བའི་ཚུལ་ནི་རྣམ་པ་གཉིས་ཡིན་ཏེ། སྔ་མ་རྗེས་འཇུག་ཉིད་གང་ལ་ཞུགས་ཤིང་གནས་པའི་མིང་དེའི་དོན་གང་ལྟར་ཏེ། ཇི་ལྟ་བུ་ཞིག་ཏུ་འགྱུར་བ་དང་། ཕྱི་མ་རྗེས་འཇུག་གམ་མཐའ་དེས་མིང་མཐའ་ལ་སོགས་པ་འདྲེན་ཚུལ་གྱིས་དོན་གང་ལྟར་འགྱུར་བའོ། །ཞེས་སོ། །
གཉིས་པ་རྒྱས་པར་བཤད་པ་ལ་གཉིས། སྔ་མ་གང་ལྟར་འགྱུར་བ་བཤད་པ་དང་། ཕྱི་མ་གང་ལྟར་འགྱུར་བ་བཤད་པའོ། །དང་པོ་ནི།
སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །
ཞེས་པ་སྟེ། རྗེས་འཇུག་རྣམས་གང་ལ་ཞུགས་པའི་མིང་དེ་ཉིད་མིང་མཐའ་སོགས་ལ་ལྟོས་ནས་སྔ་མར་གྲུབ་པས། དེས་བདག་གཞན་སོགས་དོན་ཅི་ཞིག་སྟོན་པ་ནི་མིང་དེའི་སྔོན་དུ་གནས་པ་སྔོན་འཇུག་ལྔ་ལས་གང་ཞིག་ཡིན་པ་དེའི་ནུས་པ་དང་ཇི་ལྟ་བ་བཞིན་དུ་སྦྱར་ནས་བདག་གཞན་དང་དུས་གསུམ་སོགས་གང་ཡིན་རྟོགས་དགོས་ཏེ། དཔེར་ན། འཇོག་བྱེད། བརྡེག་བྱ། བཀག་གོ། འགག་པར་འགྱུར། དགག་བཞིན་པ། བདག་བསྟོད་ཅིགལྟ་བུའོ། །
འོན་ཏེ་སྔོན་འཇུག་མེད་ཀྱང་། རྡེག་བྱེད། སྒུག་བྱ། ཕོག་གོ། སྒུག་པར་འགྱུར། རྡེག་བཞིན་པ། རྟག་པ། ཤོག་ཅིག་ལྟ་བུ་རྗེས་འཇུག་རྣམས་བདག་གཞན་དང་དུས་གསུམ་ལ་འཇུག་པ་ལྟ་བུར་སྣང་མོད་ཀྱི། ཞུགས་སོ། །གས་སོ། །ཕྱིནདཏོ། །ལྟ་བུ་སའི་འཇུག་ཡང་འཇུག་གཉིས་ཀ་དང་དའི་ཡང་འཇུག་ཙམ་ཁོ་ནས་འདས་པ་རང་དབང་དུ་སྒྲུབ་པ་དང་། འ་མཐའ་འདས་པ་ལ་གཏན་ནས་མི་འཇུག་པའི་ཁྱད་པར་ཙམ་ལས་གཞན་མ་ཚིག་གྲོགས་ཀྱིས་བསྒྱུར་བའི་ནུས་པས་མ་གཏོགས་རྗེས་འཇུག་གིས་རང་དབང་དུ་བདག་གཞན་དང་དུས་གསུམ་ལ་འཇུག་པ་ནི་མེད་དོ། །
གཉིས་པ་ཕྱི་མ་གང་ལྟར་འགྱུར་བ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།
ཕྱི་མ་དག་གི་འདྲེན་ཚུལ་ནི། །
ཞེས་པ་སྟེ། ཕྱི་མ་མིང་མཐའ་དང་རྣམ་དབྱེ་སོགས་ཀྱི་ཐོབ་ཐང་གི་དོན་ཇི་ལྟར་འཇུག་པར་འགྱུར་བའི་ཚུལ་ནི་སྔ་མའི་རྗེས་འཇུག་དང་། ཕྱི་མའི་བརྗོད་བྱ་དག་ལ་ཅི་རིགས་པར་ལྟོས་པའི་སྒོ་ནས་འདྲེན་པའི་ཕྱིར་དེའི་ཚུལ་སྨོས་པ་ནི། ཞེས་སོ། །
གཉིས་པ་རྒྱས་པར་བཤད་པ་ལ་གཉིས། མིང་མཐའ་འདྲེན་ཚུལ་བཤད་པ་དང་། རྣམ་དབྱེ་སོགས་འདྲེན་ཚུལ་བཤད་པའོ། །དང་པོ་ནི།
ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །མོ་ཡིས་མོ་ཡི་མིང་མཐའ་དྲང་། །
མ་ནིང་གིས་ནི་མ་ནིང་ངོ། །
ཞེས་པ་སྟེ། དེ་ཡང་། ཅིག་ཅར། ཐད་ཀ། སྒྲུབ་པ། གཉིས་ཀ། མཁྱེནད་པ། འབྱོརད་པ། བསྐལད་པ། ཐུགས་ཀ། བསྒྲུབས་པ། དགོངས་པ། གོམས་པ། ལྟ་བུ་མིང་སྔ་མའི་མཐའི་རྗེས་འཇུག་ཕོ་ཡིག་གིས་མིང་དེ་ཉིད་ཀྱི་ཆ་ཤས་ཡིན་པས་མཐའ་སྦྱོར་དགོས་པའི་མིང་མཐའ་གཞན་གྱི་མིང་གཞིའི་ཕོ་ཡིག་དྲང་བར་བྱ་ཞིང་། དེ་བཞིན་དུ། གསིང་མ། ཐམ་ག། དགའ་བ། ལྟ་བུ་མོ་ཡིག་གིས་མིང་གཞིའི་མོའི་མིང་མཐའ་དྲང་བ་དང་། དགུན་ཁ། དབྱར་ཁ། གསལ་ཁ། ལྟ་བུ་མ་ནིང་གིས་མིང་གཞིའི་མ་ནིང་གི་མིང་མཐའ་དྲང་བར་བྱའོ། །ཞེས་སོ། །
དེ་ཡང་མིང་མཐའ་རྟགས་མཚུངས་ཁོ་ན་འདྲེན་པ་ལྟ་བུར་གསུངས་པ་ནི་གཙོ་ཆེ་བ་ཙམ་ལ་དགོངས་པ་ཡིན་པས་དེ་ཁོ་ནར་མ་ངེས་ཏེ། སྟག་མ། ཚད་མ། ཚབ་མ། ལྷས་མ། ལྟ་བུ་ཕོས་མོ་དང་། རྐང་པ། དམ་པ། མདའ་པ། ལྟ་བུ་མོས་ཕོ་དང་། སྟོན་མོ། བསྟར་བ། རྒྱལ་བ། ལྟ་བུ་མ་ནིང་གིས་མོ་དྲངས་པ་ཡང་མང་དུ་འབྱུང་ཞིང་། དེ་ཉིད་རྟགས་མ་མཐུན་ཀྱང་བརྗོད་བདེ་གཙོ་བོར་བྱས་ནས་སྒྲ་མཐུན་དྲངས་པ་ཡིན་པས་སུམ་རྟགས་གཉིས་ཀའི་དངོས་བསྟན་གྱི་དགོངས་པར་གནས་སོ། །
གཞན་ཡང་སྔར་ན་ར་ལ་གསུམ་ཡང་འཇུག་ཅན་མ་ནིང་དང་། ང་མ་ཡང་འཇུག་ཅན་མོར་བཞག་པ་ནི་འཇུག་ཡང་འཇུག་བསྡེབས་པའི་སྒྲ་གདངས་ཀྱི་ནུས་པ་འཆད་པའི་སྐབས་དང་། འདིར་དེ་རྣམས་ཕོ་རྟགས་སུ་བཞག་པ་ནི། ཡང་འཇུག་གི་རྟགས་ཀྱིས་མིང་མཐའ་འདྲེན་པ་སྐབས་དོན་ཡིན་པས་མི་འགལ་ལོ། །
གཞན་ཡང་དཀོནད་ཅོགརིནད་ཅེན། ལྷནད་ཅིག། ལནད་ཅིག། ཐབས་ཅིག། ཆབས་ཅིག། སྟོད་ཀོར། ཀླད་ཀོར། པད་ཀོར། ཡུངས་ཀར། རྒྱ་གར། ལྟ་བུ་བརྡ་རྙིང་ལ་རྟགས་མཚུངས་འདྲེན་པ་ཤིན་ཏུ་མང་ཡང་ཕལ་ཆེར་སྐད་གསར་བཅད་ཀྱི་ཞུས་དག་མང་བས་ནུབ་པར་མངོན་ནོ། །
གཉིས་པ་རྣམ་དབྱེ་སོགས་འདྲེན་ཚུལ་བཤད་པ་ལ་གཉིས། སྤྱིར་འདྲེན་ཚུལ་བཤད་པ་དང་། ནང་གསེས་འཇུག་ཚུལ་བཤད་པའོ། །དང་པོ་ནི།
མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །
ཆོས་དངོས་ལས་དང་བྱེད་པ་དང་། །སྦྱིན་དང་འབྱུང་ཁུངས་འབྲེལ་པ་དང་། །
གནས་དང་བོད་པའི་སྒྲ་ཡང་དྲང་། །གཞན་ཡང་སླར་བསྡུ་ལྷག་བཅས་དང་། །
འབྱེད་སྡུད་བསྣན་དང་བདག་པོ་དང་། །དགག་སྒྲུབ་རྒྱན་དང་དུས་ལའང་འཇུག།
དེ་དག་སྔ་ཤུགས་འདྲེན་པས་འབྱུང་། །
ཞེས་པ་སྟེ། བཤད་མ་ཐག་པའི་མིང་སྔ་ཕྱི་དེ་དག་ཉིད་ཀྱིས་མིང་མཐའ་དེ་དག་ཉིད་རང་གི་རྟགས་མཚུངས་པའམ་བརྗོད་པ་བདེ་བས་སྒྲ་མཐུན་པར་གྱུར་པའི་རྣམ་དབྱེ་དང་པོ་ཆོས་དངོས་ཏེ་ངོ་བོ་ཙམ་བརྗོད་པ་དང་། གཉིས་པ་ལས་སུ་བྱ་བ་དང་། གསུམ་པ་བྱེད་པ་པོའམ་བྱེད་པ་ཙམ་དང་། བཞི་པ་སྦྱིན་པའི་ཡུལ་གྱིས་མཚོན་ནས་ཆེད་དུ་བྱ་བ་དང་། ལྔ་པ་འབྱུང་ཁུངས་དང་། དྲུག་པ་འབྲེལ་པ་དང་། བདུན་པ་གནས་གཞི་དང་། བརྒྱད་པ་བོད་པའི་སྒྲ་རྣམས་ཀྱང་དྲང་བར་བྱ་ཞིང་། དེ་བཞིན་དུ་གཞན་ཡང་རྣམ་དབྱེའི་ཡན་ལག་ཏུ་གྱུར་པའམ། མ་གྱུར་པའི་ཚིག་ཕྲད་སླར་བསྡུ་དང་། ལྷག་བཅས་དང་། འབྱེད་སྡུད་དང་། བསྣན་པ་དང་། བདག་པོ་དང་། དགག་པ་དང་། སྒྲུབ་པ་དང་། ཚིག་རྒྱན་དང་། དུས་ཏེ་ཚེ་སྐབས་ལ་འཇུག་པའི་སྒྲ་ལ་སོགས་པ་དེ་དག་རྣམས་ཀྱང་སྔ་མའི་མིང་མཐའི་ཤུགས་ཀྱིས་འདྲེན་པར་བྱེད་པ་ན་སྦྱོར་ཚུལ་ལེགས་པར་འབྱུང་བ་ཡིན་ནོ་ཞེས་པ་སྟེ། དེ་དག་ལས་དྲུག་པ་འདྲེན་ཚུལ་སུམ་ཅུ་པར་ཡང་འབྱུང་ལ།
གཞན་ཡང་ཨི་ལྡན་དང་། ལ་དོན་དང་། སླར་བསྡུ་དང་། ལྷག་བཅས་དང་། འབྱེད་སྡུད་དང་། བདག་པོ་དང་། ཚིག་རྒྱན་དང་། ཅིང་སོགས་ཀྱི་ཚིག་ཕྲད་རྣམས་མིང་སྔ་མའི་རྗེས་འཇུག་གི་ཤུགས་ཀྱིས་སྒྲ་རྟགས་གང་རུང་མཐུན་པ་ཇི་ལྟར་འདྲེན་ཚུལ་གྱི་སྡོམ་ཚིག་མདོར་བསྡུས་ཤིག་ཁོ་བོས་རང་ལོ་ཉེར་གསུམ་གྱི་ཚེ་བཀོད་ཟིན་པས་དེར་ཤེས་པར་བྱའོ། །
གཉིས་པ་ནང་གསེས་འཇུག་ཚུལ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།
དེ་དག་ནང་གསེས་གང་འཇུག་པ། །མཐར་སྦྱར་འོག་མའི་མིང་དོན་ལས། །
ཞེས་པ་སྟེ། རྣམ་དབྱེ་དང་ཚིག་ཕྲད་དེ་དག་གི་ནང་གསེས་གང་དང་གང་ཞིག་འཇུག་པ་ནི་གཙོ་བོར་རྣམ་དབྱེའི་ཕྲད་དང་བཅས་པའི་མིང་ཚིག་དེའི་མཐར་སྦྱར་རྒྱུའི་མིང་དོན་འོག་མ་ལས་ཤེས་པར་བྱའོ། །ཞེས་སོ། །
གཉིས་པ་རྒྱས་པར་བཤད་པ་ལ་གཉིས། རྣམ་དབྱེའི་ནང་གསེས་གང་ཞིག་འཇུག་པ་བཤད་པ་དང་། ཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ་བཤད་པའོ། །དང་པོ་ནི།
སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད། །དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །
ལས་བྱ་བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའམ། །
ཞེས་པ་སྟེ། དེ་ལ་རྣམ་དབྱེའི་ནང་གསེས་གང་དང་གང་ཞིག་འཇུག་པ་ནི། མིང་བདུད་རྩི་ལྟ་བུའི་རྗེས་སུ་གང་ཞིག་ལྟ་བུ་སྤྱི་ལ་འཇུག་པའི་སྒྲ་སོགས་ཡོད་ན་མིང་སྔ་མ་ལ་རྣམ་དབྱེ་དང་པོ་འཇུག་པ་ཡིན་ཀྱང་བོད་སྐད་ལ་དང་པོ་མཚོན་བྱེད་ཀྱི་སྒྲ་མེད་པ་ཤས་ཆེ་བས་བདུད་རྩི་གང་ཞིག་ལྟ་བུའམ། ཡང་ན་བདུད་རྩི་ཉིད་གང་ཞིག་ལྟ་བུ་དང་། ཡང་མིང་དེའི་མཐར་འཚོ་བར་བྱེད་ལྟ་བུ་བྱེད་པའི་སྒྲ་སོགས་ཡོད་ན་རྣམ་དབྱེ་གསུམ་པ་འཇུག་པས་བདུད་རྩིས་འཚོ་བར་བྱེད་ལྟ་བུ་དང་། དེ་བཞིན་དུ་སྦྱར་ཏེ། མོས་པ་ལྟ་བུ་ཆེད་དུ་བྱེད་པའི་སྒྲ་ཡོད་ན་རྣམ་དབྱེ་བཞི་པ་འཇུག་པས་བདུད་རྩི་ལ་མོས་པ་ལྟ་བུ་དང་། ཡང་རྟེན་ལྟ་བུ་རྟེན་བྱེད་ཀྱི་སྒྲ་སོགས་ཡོད་ན་རྣམ་དབྱེ་བདུན་པ་འཇུག་པས་བདུད་རྩི་ལ་རྟེན་ལྟ་བུ་དང་། ཡང་བསྒྱུར་ལྟ་བུ་ལས་སུ་བྱ་བའི་སྒྲ་ཡོད་ན་རྣམ་དབྱེ་གཉིས་པ་འཇུག་པས་བདུད་རྩིར་བསྒྱུར་ལྟ་བུ་དང་། ཡང་བླང་བར་བྱ། ལྟ་བུ་བླང་བྱའི་སྒྲ་སོགས་ཡོད་ན་རྣམ་དབྱེ་ལྔ་པ་འཇུག་པས་བདུད་རྩི་ལས་བླང་བར་བྱ་ལྟ་བུ་དང་། ཡང་ན་རྒྱ་མཚོ་ལྟ་བུ་བསྒྲུབ་པར་བྱ་བའི་སྒྲ་ཡོད་ན་རྣམ་དབྱེ་དྲུག་པ་འཇུག་པས་བདུད་རྩིའི་རྒྱ་མཚོ་ལྟ་བུ་དང་། ཡང་སྔོན་དུ་མིང་བདུད་རྩི་མ་ལྟ་བུ་ཡོད་ལ་དེ་ལའང་བདག་ལ་འཆི་མེད་སྩོལ་ལྟ་བུ་འབོད་པར་འོས་པའི་དོན་ཡོད་ན་རྣམ་དབྱེ་དང་པོ་འཇུག་ཅིང་བོད་པ་གསལ་བྱེད་ཀྱི་སྒྲའང་སྦྱར་དགོས་པས། བདུད་རྩི་མ་ཀྱེ་བདག་ལ་འཆི་མེད་སྩོལ། ལྟ་བུར་འགྱུར་བ་སོགས་ཤེས་པར་བྱ་སྟེ། འམ་ནི་སྡུད་པའི་ཚིག་ཕྲད་དོ། །
གཞན་ཡང་མིང་མཐའ་ཙམ་གྱིས་རྣམ་དབྱེ་འདྲེན་པ་དང་། མིང་མཐས་མིང་མཐའ་གཞན་དྲངས། དེས་རྣམ་དབྱེ་འདྲེན་པའང་ཡོད་དོ། །གཞན་ཡང་། ངེས་བཟུང་གི་སྒྲ་སོགས་ཡོད་ན་སྔ་མར་དང་པོ་དང་། བསྒྲུབ་བྱའི་སྒྲ་སོགས་ཡོད་ན་སྔ་མར་གསུམ་པ་དང་། མིང་མཐའ་དེ་ལས་བྱུང་བའི་སྒྲའམ། དགར་བྱའི་སྒྲའམ། བསྒྲུབ་བྱའི་སྒྲ་སོགས་ཡོད་ན་སྔ་མར་ལྔ་པ་དང་། རྟེན་བྱེད་ལྟར་སྣང་གི་བྱ་ཚིག་སོགས་ཡོད་ན། སྔ་མར་བདུན་པ་འཇུག་པའང་ཡོད་དེ། དཔེར་ན། བདུད་རྩི་དེ། བརྗིད་པས་ཉི་མ་དང་མཚུངས། ས་ལས་རྩྭ་སྐྱེས། མི་ལས་ལྷ་བཟང་། མི་རྟག་པ་ལས་དངོས་པོར་གྲུབ། མཚོན་ཁར་བསད་ཅེས་པ་ལྟ་བུའོ། །
གཉིས་པ་ཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ་བཤད་པ་ནི།
གཞན་ཡང་ཚིག་དོན་འོག་མ་ལས། །བསྡུ་རྒྱུ་ཡོད་དམ་མེད་པ་དང་། །
གོང་མ་ལས་ཀྱང་དེ་བཞིན་ཏེ། །རྣམ་གྲངས་དག་ཀྱང་བཀོད་པ་ལས། །
བསྐྱར་བ་ཡོད་དམ་མེད་པ་དང་། །ཕོ་སྒྲ་དག་ནི་མོ་སྒྲ་དག།
མིང་གི་མཐའ་ན་ཡོད་མེད་དང་། །རྒྱན་དུ་གྱུར་པ་རྣམས་ལ་ཡང་། །
དོན་ལ་བསྙེགས་པ་ཡོད་མེད་དང་། །བསྟན་བྱ་ལྷག་མ་ཡོད་མེད་དང་། །
ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །དེ་དག་ནང་གསེས་རྣམ་པར་དབྱེ། །
ཞེས་པ་སྟེ། གཞན་ཡང་མིང་མཐས་ཚིག་ཕྲད་ཀྱི་ནང་གསེས་གང་ཞིག་འདྲེན་པར་འགྱུར་བ་ནི་བརྗོད་འདོད་ཙམ་གྱིས་གྲུབ་པ་རེ་གཉིས་ཡོད་པ་མ་གཏོགས་ཕལ་ཆེར་མིང་དེའི་མཐར་སྦྱར་རྒྱུའི་ཚིག་དོན་འོག་མ་ལས་ཤེས་དགོས་ཏེ། ཚིག་དོན་འོག་མ་གོང་མ་དང་མཚུངས་པ་ལས། གོང་མ་བསྡུ་རྒྱུ་ཡོད་ན་མིང་སྔ་མ་སྔ་མའི་མཐར་སྡུད་པའི་ཚིག་ཕྲད་སྦྱར་དགོས་ཏེ། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། ལྟ་བུ་དང་། དེ་བཞིན་དུ་ཚིག་དོན་གོང་འོག་མཚུངས་པ་ལས་འོག་མ་བསྡུ་རྒྱུ་ཡོད་ན་འོག་མ་སྡུད་པའི་ཚིག་ཕྲད་སྦྱར་དགོས་ཏེ། ལྷས་ཀྱང་བཏུད་ན་མིས་ལྟ་ཅི་སྨོས། ལྟ་བུ་དང་། མཇུག་ཏུ་བྱ་ཚིག་ལྟ་བུར་ལྷན་ཅིག་ཏུ་སྦྲེལ་བའི་ཕྱིར་ཚིག་དོན་སྔ་མ་རྣམས་ལ་ཕྱི་མ་བསྣན་དགོས་ནའང་། སྡུད་པའི་བྱེ་བྲག་བསྣན་པའི་ཕྲད་སྦྱར་དགོས་ཏེ། གསེར་དངུལ་ཟངས་ལྕགས་གཤའ་ཚེའང་སྦྱར། ལྟ་བུ་དང་། ཕྱི་མར་མིང་ཚིག་གི་རྣམ་གྲངས་གཅིག་གམ་གཉིས་སམ་མང་པོ་བཀོད་པ་ལས། དེ་དག་ཀྱང་གལ་ཏེ་དོན་བསྐྱར་བ་ཡོད་ན་སྔ་མ་སྔ་མར་རྣམ་གྲངས་ཀྱི་འབྱེད་པའི་ཕྲད་སྦྱར་དགོས་ཏེ། འཆི་མེད་དམ། རྣམ་སད་དམ། མིག་མི་འཛུམ་ནི་ལྷའོ། །ལྟ་བུ་དང་། ཚིག་དོན་གཉིས་ཀ་བསྐྱར་བ་ཡོད་ན་རྣམ་གྲངས་ཀྱི་སྡུད་པའི་ཕྲད་སྦྱར་དགོས་ཏེ། གཏུབ་ཅིང་གཏུབ་ཅིང་དྲག་ཏུ་གསོལ་བར་བྱེད། ལྟ་བུ་དང་། མིང་གི་མཐར་པ་ལྟ་བུའི་ཕོ་སྒྲ་གསར་དུ་སྦྱར་ཡོད་ན་མིང་མཐའ་དེ་ཉིད་བདག་པོའི་སྒྲར་འགྱུར་བ། རྟ་པ། སྒྲུབ་པ་པོ། ལྟ་བུ་དང་། མིང་གི་མཐར་མེད། མིན་ལྟ་བུའི་མོ་སྒྲར་གཏོགས་པ་གསར་དུ་སྦྱར་ཡོད་ན་མིང་མཐའ་དེ་ཉིད་དགག་པའི་སྒྲར་འགྱུར་བ། འཆི་མེད། ལྷ་མིན། ལྟ་བུ་དང་། གསར་དུ་སྦྱར་བ་མ་ཡིན་པར་དང་པོ་ནས་མིང་གི་ཆ་ཤས་སུ་ཡོད་ན་ཕོ་མོའི་སྒྲ་དེ་བདག་སྒྲ་དང་དགག་སྒྲར་མི་འགྱུར་བར་ངོ་བོ་གང་ཡིན་པ་དེ་ཉིད་སྒྲུབ་པའི་སྒྲར་འགྱུར་བ། དམ་པ། བླ་མ། ལྟ་བུ་དང་། ཚིག་དོན་སྔ་མ་དང་ཆོས་མཐུན་པའི་ཕྱི་ཚིག་གཞི་གཅིག་ཏུ་བསྡུ་རྒྱུ་ཡོད་ན་སྔ་མ་ལ་མཐུན་པའི་རྒྱན་དུ་གྱུར་པའི་ཚིག་ཕྲད་སྦྱར་དགོས་ཏེ། མཛེས་ཀྱང་མཛེས་ལ་འོད་ཀྱང་འཚེར། ལྟ་བུ་དང་། སྔ་ཕྱི་ཆོས་མི་མཐུན་པ་གཞི་གཅིག་ཏུ་བསྡུ་ན་སྔ་མར་མི་མཐུན་པའི་རྒྱན་འཇུག་སྟེ། ཁྲོ་བ་སྤངས་ཀྱང་དགྲ་འཇོམས་པ། ལྟ་བུ་སྟེ། རྒྱན་དུ་གྱུར་པའི་ཚིག་ཕྲད་དེ་དག་ཀྱང་ངེས་པར་དོན་ལ་བསྙེགས་པ་ཡོད་ན་མི་སྦྱར་དུ་མི་རུང་ཞིང་། ཚིག་མཛེས་བྱེད་ཙམ་ཡིན་ན་མ་སྦྱར་ཀྱང་རུང་བ་དང་། ཚིག་དོན་སྔ་མའི་དེ་མ་ཐག་ཏུ་བསྟན་བྱ་ལྷག་མ་ཡོད་ན་སྔ་མ་ལ་ལྷག་བཅས་ཀྱི་ཕྲད་སྦྱར་དགོས་ཏེ། རྒྱས་བཏབ་སྟེ་བཞག་ལྟ་བུ་དང་། ཚིག་དོན་སྔ་མའི་དེ་མ་ཐག་ཏུ་བསྟན་བྱ་ལྷག་མ་མེད་པར་རྫོགས་ན་སླར་བསྡུའི་ཕྲད་སྦྱར་དགོས་ཏེ། རྫོགས་སོ། །ལྟ་བུ་རྣམ་དབྱེ་དང་ཚིག་ཕྲད་དེ་དག་གི་ནང་གསེས་གང་དང་གང་ཞིག་འཇུག་ཅིང་དོན་ཅི་འདྲ་ཞིག་སྟོན་པ་རྣམ་པར་དབྱེ་བར་བྱའོ་ཞེས་སོ། །
དེ་ཡང་རྣམ་དབྱེ་ནི་ལེགས་སྦྱར་གྱི་སྐད་ལ། མིང་གི་མཐར་སྦྱར་བས་ཚིག་ཏུ་འགྲུབ་པར་བྱེད་པའི་རྐྱེན་སི་སོགས་ཉེར་གཅིག་སྟེ། བོད་སྐད་ལའང་ལེགས་སྦྱར་དང་བསྟུན་ནས་སྔར་གྱི་རྣམ་དབྱེ་བདུན་པོ་དེ་རྣམས་གཅིག་ཚིག་ཉིད་དང་། གཉིས་ཚིག་དག་དང་། མང་ཚིག་རྣམས་ཀྱི་དབྱེ་བས་ཉེར་གཅིག་ཏུ་འགྱུར་ཞིང་། འདི་རྣམས་ཀྱི་ཁྱད་པར་ཕྲ་མོ་རྣམས་ཤིན་ཏུ་འབྱེད་དཀའ་བར་སྣང་ཡང་ཡི་གེས་འཇིགས་པས་མ་སྤྲོས་སོ། །
ཚིག་ཕྲད་ནི། མིང་ཚིག་ལ་མ་སྦྱར་ན་རང་སྟོབས་ཀྱིས་དོན་མི་སྟོན་ཅིང་། མིང་གི་ཐོག་མཐའ་དང་བར་དུ་སྦྱར་ན་བརྗོད་བདེ་བ་དང་། མཚམས་སྦྱོར་བ་དང་། དོན་གསལ་བ་ལ་ཕན་འདོགས་པ་ཞིག་སྟེ། འདི་དག་ཕལ་ཆེར་ལེགས་སྦྱར་གྱི་ནི་པཱ་ཏ་སྟེ་ངེས་ཚིག་གམ་མི་ཟད་པར་གྲགས་པ་དང་འདྲའོ། །དེ་ཡང་དོན་གྱི་ལྡོག་པ་ཁོ་ན་སྟོན་པའི་རྣམ་དབྱེ་ཡིན་ན་ཚིག་ཕྲད་ཡིན་པས་ཁྱབ་ཀྱང་། ཚིག་ཕྲད་ཡིན་ན་དོན་གྱི་ལྡོག་པ་ཁོ་ན་སྟོན་པའི་རྣམ་དབྱེ་ཡིན་པས་མ་ཁྱབ་བོ། །
བཞི་པ་ཅི་ཕྱིར་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་གི་དགོས་པ་དངོས་བཤད་པ་དང་། ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པའོ། །དང་པོ་ནི།
ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །
མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །
ཅེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་ཅེ་ན། སྔོན་འཇུག་དང་དབྱངས་ཡོད་མེད་གང་ཡང་རུང་བའི་མིང་གཞིའི་ཡི་གེ་གཅིག་གམ་གཉིས་སམ་དུ་མ་འདུས་པ་ཡིན་ཡང་རུང་། རྗེས་འཇུག་གི་ཡི་གེ་གང་རུང་ཞིག་མ་ཞུགས་ན་དོན་གྱི་ངོ་བོ་སྟོན་པའི་མིང་དུ་འགྲུབ་པ་མི་སྲིད་པས་ཡི་གེའི་ཁོངས་ནས་མིང་དབྱུང་བར་བྱ་བའི་ཕྱིར་དང་། མིང་གཅིག་གམ་གཉིས་སམ་དུ་མ་སྦྲེལ་དུ་ཟིན་ཀྱང་མཚམས་སྦྱོར་བར་བྱེད་པའམ། དོན་གསལ་བར་བྱེད་པའི་རྣམ་དབྱེ་དང་ཚིག་ཕྲད་སོགས་ཕལ་ཆེར་རྗེས་འཇུག་ལས་འབྱུང་ཞིང་རྗེས་འཇུག་ལ་ལྟོས་པས་དེ་རྣམས་མ་ཞུགས་ན་དོན་གྱི་ཁྱད་པར་སྟོན་པའི་ཚིག་ཏུ་འགྲུབ་པ་མི་སྲིད་པས་མིང་གི་ཁོངས་ནས་ཚིག་དབྱུང་བའི་ཕྱིར་འཇུག་སྟེ། དེ་ལྟ་བུའི་ཚིག་གིས་འཇིག་རྟེན་དུ་དོན་རྣམས་རྗོད་པར་བྱེད་པའི་ཕྱིར་དོན་མཚོན་པའི་བརྗོད་པ་ཇི་སྙེད་པའང་རྗེས་འཇུག་གི་ཡི་གེ་རྣམས་འཇུག་པའི་དགོས་པར་གྲུབ་བོ་ཞེས་པ་སྟེ། འདིར་ཡི་གེ་དང་། མིང་དང་། ཚིག་དང་། བརྗོད་པ་རྣམས་ཀྱི་ཁྱད་པར་བོད་སྐད་ཀྱི་དབང་དུ་བྱས་ནས་དབྱེ་བར་བྱའོ། །
གཉིས་པ་ཞར་བྱུང་ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ་ལ་གཉིས། ཡི་གེའི་འཇུག་པ་རྣམས་ཀྱི་རང་བཞིན་གྱི་དགོས་པ་བཤད་པ་དང་། ཡི་གེའི་འཇུག་པ་སྟོན་པའི་བསྟན་བཅོས་འདི་ཉིད་བརྩམས་པའི་དགོས་པ་བཤད་པའོ། །དང་པོ་ལ་གཉིས། དགོས་པ་ལྡོག་ཕྱོགས་ནས་བསྟན་པ་དང་། ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པའོ། །དང་པོ་ནི།
མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །
ཕོ་ཡིག་དེ་དག་རྣམས་ལ་ཡང་། །འཇུག་པར་བཅས་པ་མེད་ན་ནི། །
མིང་དང་ཚིག་ཀྱང་གསལ་མི་ནུས། །མིང་ཚིག་གསལ་བ་མེད་ན་ནི། །
དོན་རྣམས་བརྗོད་པར་མི་འགྱུར་རོ། །
ཞེས་པ་སྟེ། མོ་ཡི་ཡི་གེ་གི་གུ་སོགས་ཨཱ་ལི་བཞི་པོ་མེད་ན་ཕོ་ཡིག་ཀཱ་ལི་རྣམས་ཁོ་ནས་བརྗོད་པ་མེད་པར་འགྱུར་ཏེ། ཨཱ་ལི་རྣམས་ལ་ལྟོས་པའི་བརྗོད་པ་དེ་སྙེད་མི་ཚང་བར་འགྱུར་བའི་ཕྱིར་དང་། ཕོ་ཡིག་ཀཱ་ལི་དེ་དག་རྣམས་ལའང་ཨཱ་ལི་དང་ལྡན་མིན་ཇི་ལྟར་ཡང་འཇུག་པར་བཅས་པ་སྟེ། འཇུག་པའི་ཡི་གེ་བཅུ་མེད་པར་གྱུར་ན་ནི་དོན་གྱི་ངོ་བོ་སྟོན་པའི་མིང་དང་། ཁྱད་པར་སྟོན་པའི་ཚིག་ཀྱང་གསལ་བར་མི་ནུས་པར་གོང་དུ་བཤད་ཟིན་པའི་ཕྱིར་དང་། མིང་དང་ཚིག་གསལ་བར་གྱུར་པ་མེད་ན་ནི་དོན་གྱི་རྣམ་པ་རང་དང་གཞན་ལ་མཚོན་ཞིང་གོ་བར་བྱེད་པའི་བརྗོད་པ་རྣམས་ཀྱང་མེད་པར་འགྱུར་རོ། །དེས་ན་ཨཱ་ལི་རྣམས་ནི་ཀཱ་ལིའི་བརྗོད་པ་ཡོངས་སུ་རྫོགས་པའི་ཕྱིར་དང་། འཇུག་པ་རྣམས་ནི་མིང་ཚིག་གསལ་བའི་ཕྱིར་དང་། མིང་ཚིག་རྣམས་ནི་དོན་བརྗོད་པའི་ཕྱིར་འཇུག་པས་ཡི་གེའི་སྦྱོར་བ་རྣམས་ནི་དགོས་པ་ཆེན་པོ་དང་བཅས་པ་ཡིན་ནོ། །ཞེས་སོ། །
གཉིས་པ་ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པ་ནི།
དེ་ལྟར་གྱུར་ན་འཇིག་རྟེན་དུ། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །
རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །
བསླབ་པ་རྣམས་ཀྱང་མེད་པར་འགྱུར། །
ཞེས་པ་སྟེ། དེ་ལྟར་མིང་ཚིག་བརྗོད་པ་ཐམས་ཅད་མེད་པར་གྱུར་ན་འཇིག་རྟེན་འདིར་དོན་མཚོན་པར་བྱེད་པའི་བརྗོད་པ་སྟེ་ལུང་དུ་སྟོན་པའི་སྒྲ་སྐད་ཐམས་ཅད་མི་འབྱུང་བས་དེ་ལ་ལྟོས་པའི་འཇིག་རྟེན་པ་དང་མཐུན་མོང་བའི་བཟོ་གནས་དང་། རྩིས་དང་། སྙན་ངག་སོགས་རིག་བྱེད་སྨྲ་བ་རྣམས་ཀྱང་ཡོད་པར་མི་འགྱུར་ཞིང་། འཇིག་རྟེན་དང་མཐུན་མོང་མིན་པའི་ཤེས་བྱ་ཉན་ཐོས་དང་། རང་སངས་རྒྱས་དང་། རྫོགས་པའི་སངས་རྒྱས་ཀྱི་བསླབ་པ་རྣམས་སྟོན་ཅིང་སྨྲ་བའང་མེད་པར་འགྱུར་བ་དེའི་ཕྱིར་མིང་ཚིག་བརྗོད་པ་ཐམས་ཅད་འཇིག་རྟེན་དུ་ཡོད་ན་ནི་འཁོར་འདས་ཀྱི་བླང་དོར་མཐའ་དག་སྟོན་ཅིང་སྨྲ་བ་འབྱུང་ལ། བླང་དོར་ལ་ཞུགས་ན་ནི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པ་ཡིན་ནོ་ཞེས་སོ། །
གཉིས་པ་ཡི་གེའི་འཇུག་པ་སྟོན་པའི་བསྟན་བཅོས་འདི་ཉིད་བརྩམས་པའི་དགོས་པ་བཤད་པ་ལ་གཉིས། དགོས་པ་དངོས་བཤད་པ་དང་། དགོས་པ་དེ་འགྲུབ་པར་སྨོན་པའོ། །དང་པོ་ནི།
ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །
གྲུབ་མཐའ་གཞན་ཡང་ཡོད་ན་ཡང་། །རང་ཉིད་ཀྱིས་ནི་མི་ཤེས་བཞིན། །
དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །
རང་ཚུལ་དེ་ཉིད་མི་ཤེས་པས། །དོན་ལ་སྦྱོར་བ་ག་ལ་ཤེས། །
དེ་ཕྱིར་སྨྲ་བའི་དབང་ཕྱུག་གི། རྗེས་སྨྲས།
ཞེས་པ་སྟེ། དཔེ་ཇི་ལྟར་ན་འཇིག་རྟེན་གྱི་སེམས་ཅན་རྣམས་ལ་གཟུགས་སོགས་ཕུང་པོ་དང་། མིག་གི་ཁམས་སོགས་ཁམས་དང་། མིག་གི་སྐྱེ་མཆེད་སོགས་སྐྱེ་མཆེད་རྣམས་རང་རང་ལ་ཡོད་པར་མ་ཟད། གྲུབ་པའི་མཐས་བཞག་པ་གཞན་ཡང་གྲངས་ཅན་པའི་དེ་ཉིད་ཉེར་ལྔ་དང་། ཐེག་ཆེན་པའི་རྣམ་ཤེས་ཚོགས་བརྒྱད་སོགས་ཀྱང་ཡོད་ཅིང་། སྔོན་ནས་ལྷན་ཅིག་ཏུ་འགྲོགས་པ་ཡིན་ཀྱང་། དེ་ལྟ་བུའི་རྣམ་གཞག་གཞན་གྱིས་མ་བསྟན་ན་རང་ཉིད་ཀྱིས་མི་ཤེས་པ་དེ་བཞིན་དུ་རང་རང་གི་ཡི་གེ་རྣམས་ཇི་ལྟར་འཇུག་པའི་ཚུལ་ཡང་ཡུལ་སོ་སོའི་ལུང་སྟོན་པའི་སྒྲ་སྐད་ཀྱི་སྨྲ་བ་ཐམས་ཅད་ལ་རང་བཞིན་གྱིས་གནས་པ་སྟེ་མེད་པ་མི་སྲིད་ཀྱང་། གཞན་གྱིས་བརྡ་མ་སྤྲད་པར་རང་ཉིད་ཀྱིས་ཡི་གེ་རྣམས་མིང་ཚིག་སོགས་ལ་འཇུག་པའི་ཚུལ་དེ་ཉིད་ཀྱང་མི་ཤེས་ན་མིང་ཚིག་ལ་སོགས་པ་དེ་རྣམས་བྱེ་བྲག་ཕྱེ་ནས་དོན་ལ་ཇི་ལྟར་སྦྱོར་བའི་ཚུལ་ག་ལ་ཤེས་ཏེ་མི་ཤེས་སོ། །དེ་བས་ན་བླང་དོར་མཐའ་དག་ཤེས་པའི་རྒྱུ་མིང་ཚིག་ཡི་གེའི་སྦྱོར་བ་རྣམས་གསལ་བར་བྱེད་པའི་བོད་སྐད་ལ་མཁོ་བའི་བསྟན་བཅོས་འདི་ཉིད་འཕགས་ཡུལ་ལ་སོགས་པའི་སྨྲ་བའི་དབང་ཕྱུག་མཁས་པ་རྣམས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་ནས་ཐུ་མི་བདག་གིས་བརྩེ་བས་སྨྲས་པ་ཡིན་ནོ། །ཞེས་སོ། །
གཉིས་པ་དགོས་པ་དེ་འགྲུབ་པར་སྨོན་པ་ནི།
འདི་ཀུན་རྟོགས་གྱུར་ཅིག།
ཅེས་པ་སྟེ། དེ་ལྟར་ཡི་གེའི་འཇུག་པ་ལེགས་པར་སྦྱར་བའི་ཚུལ་འདི་གངས་ཅན་སྐྱེ་བོ་ཀུན་གྱིས་རྟོགས་ནས་མིང་ཚིག་བརྗོད་པ་ཐམས་ཅད་ལ་རྨོངས་པ་མེད་པར་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར་ཅིག་ཅེས་ཉིང་དགོས་དེ་རྣམས་འགྲུབ་པའི་ཐུགས་སྨོན་མཛད་པའོ། །
སྨྲས་པ། ཤཱཀྱ་སེངྒེའི་བསྟན་ལ་རབ་ཞུགས་ཤིང་། །ལག་པའི་མིག་ལ་དབྱངས་འཇུག་བཞི་བཅུ་དང་། །མཚམས་ཀྱི་བགྲོད་པར་འཕུལ་རྟེན་རྩེ་ཟུང་གིས། །བརྒྱན་པའི་འབོད་བྱ་ལྡན་པ་གང་དེ་ཡིས། །གངས་ཅན་མིག་གཅིག་སམྦྷོ་ཊ་ཡི་གཞུང་། །གངས་ཅན་བརྡ་སྤྲོད་ཕྱི་མོ་སུམ་རྟགས་དོན། །གངས་ཅན་མཁས་པ་ཀུན་གྱི་ལེགས་བཤད་བཞིན། །གངས་ཅན་བསྟན་འགྲོའི་དོན་དུ་སྦྱར་མོད་ཀྱི། །རྒྱལ་བསྟན་སྣང་གཏེར་དུས་རིས་སྒྲིབ་ལ་ཉེ། །དཔང་གྱུར་མཁས་པའི་མཚོ་སྐྱེས་ཕལ་ཆེར་ཟུམ། །གཟུ་ལུམ་སྤྱོད་པའི་འབྱུང་བྱ་རང་དགར་རྒྱུ། །བསིལ་ལྗོངས་སྐྱེ་བོའི་གདོང་མུན་ཇི་ལྟར་སེལ། །གདུང་སྤྲུལ་ཕལ་ཆེར་འདོད་ཡོན་སྤྱོད་ལ་ཡེངས། །སྒོམ་ཆེན་ཕལ་ཆེར་ཟོག་རྫུན་བྱ་བས་བྲེལ། །མཁས་རློམ་ཕལ་ཆེར་ཚོང་ཞིང་ལས་ལ་སྤྱོད། །ཀྱེ་མ་ཐུབ་བསྟན་སུ་ཡིས་འཛིན་པར་འགྱུར། །དོན་གཉེར་འདུན་པའི་ཀརྞ་གཏིང་ནས་འགགས། །ལེགས་ཉེས་ལྟ་བའི་ཙཀྵུ་འགྲིབ་ཀྱིས་ནོན། །ཕྱོགས་ལྷུང་གདོན་གྱིས་མ་ན་ཆེར་བརླམས་པ། །དེ་དག་ལེགས་བཤད་ནཱ་དས་ཅི་ཞིག་བྱ། །འོན་ཀྱང་གཟུར་གནས་དཔྱོད་ལྡན་མཁའ་ནོར་གྱིས། །བསྐུལ་ཚིག་ཚ་ཟེར་ལན་མང་སྤྲོས་པའི་ཚེ། །ལེགས་བཤད་སྦྲང་རྩི་སྐྱུག་དང་མི་སྐྱུག་གི། རང་དབང་འདབ་སྟོང་ཅན་ལ་ཡོད་མ་ཡིན། །དེ་ཕྱིར་འདིར་འབད་ལེགས་བྱས་འབབ་ལྡན་མ། །བརྒྱ་ཕྲག་གཅིག་ཏུ་བསྡོམས་པའི་རྣམ་སད་ཆུས། །རབ་རྨོངས་ཁྱབ་འཇུག་རྐང་དྲི་བཀྲུས་ལ་སླར། །བྱང་ཆེན་རྒྱ་མཚོའི་གསོས་སུ་འཇུག་གྱུར་ཅིག།
ཅེས་ཡུལ་གངས་ཅན་གྱི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་ཞེས་བྱ་བ་འདི་ནི། སྡོམ་བརྩོན་མང་དུ་ཐོས་པའི་དགེ་སློང་ཛྙཱ་ན་མི་ཏྲས་ནན་ཆེན་པོས་བསྐུལ་མ་མཛད་པ་ལ་བརྟེན་ནས་མཁས་གྲུབ་དམ་པ་ངག་དབང་རྡོ་རྗེ་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་རེག་ཅིང་། སྤེལ་ཁང་པཎྜི་ཏ་ཆེན་པོའི་ཞལ་གྱི་བདུད་རྩི་ཆ་ཤས་ཙམ་མྱངས་པས་བོད་ཀྱི་བརྡ་དག་གི་བསྟན་བཅོས་ཕལ་མོ་ཆེའི་དགོངས་དོན་སྨྲ་བ་ལ་མཁས་པའི་མདུན་སར་མི་ཞུམ་པའི་སྤོབས་པ་ཅུང་ཟད་ཐོབ་པའི་ཤཱཀྱའི་དགེ་སློང་དྷརྨ་བྷ་དྲ་ཞེས་བྱ་བས་སུམ་རྟགས་དང་སྨྲ་སྒོ་དང་མཁས་པའི་ཁ་རྒྱན་ལ་སོགས་པའི་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྩ་འགྲེལ་མང་པོ་ལ་ཞིབ་ཏུ་དཔྱད་དེ་དེ་དག་གི་ལེགས་ཆ་མཐའ་དག་ཕྱོགས་གཅིག་ཏུ་བཏུས་ནས་རང་ལོ་སོ་ལྔ་པ་ཟད་པ་ཞེས་པ་མེ་སྟག་ལོའི་གྲོ་བཞིན་ཟླ་བའི་དཀར་ཚེས་དགའ་བ་དང་པོའི་ཉིན་གཙང་གཡས་རུ་བཞད་ཀྱི་བྱེ་བྲག་དངུལ་ཆུའི་རི་ཁྲོད་དགའ་ལྡན་རྩེའི་སྤོང་ཁང་དུ་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་གངས་ཅན་གྱི་ལྗོངས་སུ་ཡུན་རིང་དུ་གནས་པའི་རྒྱུ་བྱེད་ནུས་པར་གྱུར་ཅིག། །།