རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་པ་རིགས་ལམ་གསེར་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

༄༅།།རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་པ་རིགས་ལམ་གསེར་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

༄༅།།ན་མོ་མཉྫུ་ཤྲཱི་ཡེ།མཁའ་ཁྱབ་ཤེས་བྱ་ཡོངས་ཀྱི་གཤིས་ལུགས་ཆོས།།བརྗོད་བྲལ་འགྱུར་མེད་དབྱིངས་སུ་མངོན་གཟིགས་པ།།རྒྱལ་བ་ཀུན་ལས་བཀའ་དྲིན་ལྷག་པའི་མགོན།།དཀའ་འགྱུར་ཆོས་ཀྱི་རྒྱལ་པོ་གཙུག་ན་རྒྱལ།།དུས་གསུམ་རྒྱལ་བའི་ཡེ་ཤེས་མ་ལུས་པ།།གཅིག་བསྡུས་རང་གཟུགས་སྨྲ་བ་ངག་གི་ལྷ།།བརྒྱད་གཉིས་ལང་ཚོའི་འཇོ་སྒེག་གར་རྩེན་པ།།འཇམ་དཔལ་རྡོ་རྗེ་རྣོན་པོས་དགེ་ལེགས་སྩོལ།།བརྒྱད་ཁྲི་བཞི་སྟོང་ཆོས་ཚུལ་ཏམ་བུ་རའི།།སྒྲ་ལས་དྲངས་པའི་དབྱངས་ཀྱི་དཀྱིལ་འཁོར་ཀུན།།སྐལ་བཟང་ཐོས་འཛིན་དཔྱིད་དུ་འཇོ་མཛད་མ།།སྒྲ་ལྡན་ལྷ་ཀྱེ་སྙིང་ལ་རོལ་པར་མཛོད།།དབྱངས་ཅན་ཐུགས་ལ་གྲུབ་པའི་རྡོ་རྗེ་ཡི།།ཟབ་ཡངས་བློ་གྲོས་མཐོ་རིས་སྐྱེད་ཚལ་ལས།།ལེགས་འོངས་རྟགས་འཇུག་པདྨ་འཛུམ་པའི་ཞལ།།རྣམ་དཔྱོད་ཉིན་བྱེད་སྣང་བས་དབྱེ་བར་བྱ།།ཀྭ་ཡེ་བློ་གསལ་རྐང་དྲུག་གཞོན་ནུ་རྣམས།།བརྡ་དག་སྦྲང་རྩིའི་དགའ་སྟོན་སྤྱོད་འདོད་ན།།ལེགས་བཤད་མེ་ཏོག་ཁ་སྒོ་ཕྱེ་བའི་དུས།།དགའ་བའི་གླུ་དབྱངས་དང་བཅས་ཞུགས་པར་རིགས།།
དེ་ལ་འདིར་སྙིགས་དུས་ཀྱི་པཎྜི་ཏ་ཆེན་པོ་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་དཔལ་བཟང་པོས་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་འདི་ཉིད་ས་བཅད་རྒྱས་པ་སོགས་དོར་ནས་མདོར་བསྡུས་སུ་འཆད་པ་ལ་གསུམ།མཆོད་བརྗོད།བརྩམ་པར་དམ་བཅའ།གཞུང་དོན་དངོས་སོ།།
དང་པོ་མཆོད་བརྗོད་ལ་ཡང་རྒྱ་སྐད་དང་བོད་སྐད་གཉིས་ལས་དང་པོ་རྒྱ་སྐད་ཀྱི་སྒོ་ནས་མཆོད་བརྗོད་ནི།ན་མོ་མཉྫུ་ཤྲཱི་ཡེ།ཞེས་པ།བྱང་ཕྱོགས་ཁ་བ་ཅན་པ་སྟོད་མངའ་རིས་སྐོར་གསུམ་རྫིང་བུ་ལྟ་བུ།བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ།སྨད་མདོ་ཁམས་སྒང་དྲུག་ཞིང་ས་དང་འདྲ་བར་ཡོད་ལ།དེ་ལ་ཡང་བོད་དང་བོད་ཆེན་པོ་གཉིས་ལས་བོད་དབུས་གཙང་གི་སྐད་དུ།ན་མོ་ཕྱག་འཚལ་ལོ།།མཉྫུ་འཇམ།ཤྲཱི་དཔལ།ཡེ་ལ་སྟེ།འཇམ་དཔལ་ལ་ཕྱག་འཚལ་ལོ།།ཞེས་པའོ།།
གཉིས་པ་བོད་སྐད་ཀྱི་སྒོ་ནས་མཆོད་པར་བརྗོད་པ་ནི།རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་དཔྱིད།།གཞོན་ནུའི་གཟུགས་ཀྱིས་རྣམ་རོལ་བ།།རྗེ་བཙུན་བརྟན་པའི་འཁོར་ལོ་དང་།།དབྱེར་མེད་བླ་མའི་ཞབས་བཏུད་ནས།།ཞེས་པ།རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་རབ་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་དཔྱིད་དེ་སྙིང་པོ།གཞོན་ནུ་ན་ཚོད་བཅུ་དྲུག་ལོན་པའི་གཟུགས་ཀྱིས་རྣམ་པར་རོལ་པ།རྗེ་བཙུན་བརྟན་པའི་འཁོར་ལོ་སྟེ་འཇམ་དཔལ་དབྱངས་དང་ངོ་བོ་དབྱེར་མེད་པ་རང་ལ་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་མ་ནོར་བར་སྟོན་པའི་ཐམས་ཅད་མཁྱེན་པ་དྷརྨ་བྷ་དྲ་སོགས་དངོས་བརྒྱུད་བླ་མ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་སྒོ་གསུམ་གུས་པ་ཆེན་པོས་བཏུད་ནས།ཞེས་པའོ།།
གཉིས་པ་བརྩམ་པར་དམ་བཅའ་ནི།མཁས་མཆོག་ཐོན་མིའི་ཐུགས་མཚོ་ལས།།བྱུང་བའི་བརྡ་སྤྲོད་ཕྱི་མོ་མཆོག།རྟགས་ཀྱི་འཇུག་པའི་སྙིང་པོའི་དོན།།མདོར་བསྡུས་ཚིག་གིས་གསལ་བར་བྱ།།ཞེས་པ།གངས་ཅན་སཱ་ལའི་སྨན་ལྗོངས་འདིར་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཐོན་མི་ཉིད་ཀྱི་ཐུགས་ཀྱི་རྒྱ་མཚོ་ཆེན་པོ་ལས་བྱུང་བའི་ཡུལ་གངས་ཅན་གྱི་སྐད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀུན་གྱི་ཕྱི་མོའམ་མ་ཕྱིའམ་གཞིའམ་རྩ་བ་མཆོག་ཏུ་གྱུར་པ་སུམ་རྟགས་གཉིས་ལས་རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་རྣམས་མ་ཚང་བ་མེད་པར་མདོར་བསྡུས་པའི་ཚིག་གི་སྒོ་ནས་གསལ་བར་བྱ།ཞེས་པའོ།།
གསུམ་པ་གཞུང་དོན་དངོས་ནི།སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ།།དེ་ཕྱིར་ཀཱ་ལི་སུམ་ཅུ་པོ།།ཞེས་པ།མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ་སྟེ།སྤྱིར་ཡི་གེ་ལ་དབྱེ་ན་དབྱངས་དང་གསལ་བྱེད་གཉིས་སུ་ཡོད།དེ་ལས་དབྱངས་ཀྱི་བྱ་བ་གསལ་བར་མཚོན་པར་བྱེད་པ།ཨི་སྟེ་གི་གུ།ཨུ་སྟེ་ཞབས་ཀྱུ།ཨེ་སྟེ་འགྲེང་བུ།ཨོ་སྟེ་རྣ་རུ་བཞི་ནི་མོ་དང་།ཀཱ་ལིའི་བྱ་བ་གསལ་བར་བྱེད་པའི་ཀ་ནས་ཨའི་བར་གྱི་ཡི་གེ་སུམ་ཅུ་པོ་རྣམས་ནི་ཕོར་ཤེས་པར་བྱའོ།།ཞེས་པའོ།།
ཕོ་ཡི་ཡི་གེ་འབའ་ཞིག་ལ།།ནང་གསེས་སྡེ་ཚན་ལྔར་དབྱེ་སྟེ།།ཞེས་པ།ཕོ་ཡིག་སུམ་ཅུ་པོ་དེ་རྣམས་ནང་གསེས་སྡེ་ཚན་སོ་སོར་དབྱེ་ན་ལྔར་འགྱུར་ཏེ།ལྔ་གང་ཞེ་ན།ཕོ་དང་།མ་ནིང་དང་།མོ་དང་།ཤིན་ཏུ་མོ་དང་།མོ་གཤམ་སྟེ་ལྔར་འགྱུར་རོ།།འབའ་ཞིག་ནི་ཁོ་ན་ཞེས་པའི་དོན་ནོ།།དེ་ལྔའི་དང་པོ་ཕོ་ནི།ཀ་ཅ་ཏ་པ་ཙ་རྣམས་ཕོ།།ཞེས་པ།ཀ་དང་།ཅ་དང་།ཏ་དང་།པ་དང་།ཙ་བཅས་ལྔ་པོ་དེ་རྣམས་ཕོ་ཡིག་གོ།གཉིས་པ་མ་ནིང་ནི།ཁ་ཆ་ཐ་ཕ་ཚ་མ་ནིང་།།ཞེས་པ།ཁ་དང་།ཆ་དང་།ཐ་དང་།ཕ་དང་།ཚ་བཅས་ལྔ་ནི་མ་ནིང་གི་ཡི་གེ་འོ།།གསུམ་པ་མོ་ནི།ག་ཇ་ད་བ་ཛ་ཝ་ཞ།།ཟ་འ་ཡ་ཤ་ས་རྣམས་མོ།།ཞེས་པ།ག་དང་།ཇ་དང་།ད་དང་།བ་དང་།ཛ་དང་།ཝ་དང་།ཞ་དང་།ཟ་དང་།འ་དང་།ཡ་དང་།ཤ་དང་།ས་བཅས་བཅུ་གཉིས་པོ་འདི་རྣམས་མོ་ཡིག་གོ།བཞི་པ་ཤིན་ཏུ་མོ་ནི།ང་ཉ་ན་མ་ཤིན་ཏུ་མོ།།ཞེས་པ།ང་དང་།ཉ་དང་།ན་དང་།མ་བཅས་བཞི་པོ་ཤིན་ཏུ་མོའི་ཡི་གེའོ།།ལྔ་པ་མོ་གཤམ་གྱི་ཡི་གེ་ནི།ར་ལ་ཧ་ཨ་མོ་གཤམ་སྟེ།།ཞེས་པ།ར་དང་།ལ་དང་།ཧ་དང་།ཨ་དང་བཅས་བཞི་ནི་མོ་གཤམ་གྱི་ཡི་གེའོ།།ཨ་ནི་མཚན་མེད་ཅེས་ཀྱང་བྱ།།ཞེས་པ།ཨ་ནི་མོ་གཤམ་གྱི་ཡི་གེ་ཡིན་པར་མ་ཟད།སྒྲ་རྩོལ་ཤིན་ཏུ་ཞན་པས་མཚན་མེད་ཅེས་ཀྱང་བྱ་བ་སྟེ་ཟེར་བ་ཡིན་ནོ།།ཞེས་པའོ།།
སྔོན་འཇུག་ལྔ་ཡི་བ་ཡིག་ཕོ།།ཞེས་པ།སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་སྟེ།རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་སྔོན་དུ་འཇུག་པའི་སྔོན་འཇུག་ལྔ་ནི།ལེགས་བཤད་ལྗོན་དབང་ལས།ག་ད་བ་མ་འ་སྔོན་འཇུག།ཅེས་པ་ལྟར་སྔོན་འཇུག་ལྔ་པོ་དེའི་ནང་ནས་བ་ཡིག་ནི་ཕོ་ཡིན་ནོ།།ག་ད་མ་ནིང་།ཞེས་པ།ག་ད་གཉིས་སྔོན་འཇུག་གི་མ་ནིང་དང་།འ་མོ་ཡིག།ཅེས་པ།འ་ནི་མོ་དང་།མ་ནི་ཤིན་ཏུ་མོ་ཡིན་ནོ།།ཞེས་པ།མ་ནི་ཤིན་ཏུ་མོར་འགྱུར་བ་ཡིན་ནོ།།
དེ་རྣམས་གང་ལ་གང་འཇུག་ན།།ཞེས་པ།སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་སྟེ།གོང་དུ་བཤད་པའི་ཡི་གེ་དེ་རྣམས་མིང་གཞིའི་ཡི་གེ་གང་ལ་སྔོན་འཇུག་གང་འཇུག་ཅེ་ན།ཕོ་ཡིག་བ་ནི་ཀ་ཅ་ཏ།།ཙ་ག་ང་ཇ་ཉ་ད་ན།།ཛ་ཞ་ཟ་ར་ཤ་སར་འཇུག།ཅེས་པ།སྔོན་འཇུག་གི་ཕོ་ཡིག་བ་ནི།ཀ་དང་།ཅ་དང་།ཏ་དང་།ཙ་དང་།ག་དང་།ང་དང་།ཇ་དང་།ཉ་དང་།ད་དང་།ན་དང་།ཛ་དང་།ཞ་དང་།ཟ་དང་།ར་དང་།ཤ་དང་།ས་བཅས་ཡི་གེ་བཅུ་དྲུག་པོ་འདི་རྣམས་ལ་འཇུག་ཅིང་།ཀ་ལ་རྐྱང་བརྩེགས་འདོགས་གསུམ་གྱི་སྒོ་ནས་འཇུག་པ་ནི།དཔེར་ན།བཀའ།བསྐ།བཀྱེ།བཀྲ།བསྐྱངས།ཅ་ལ་རྐྱང་འཕུལ་ཁོ་ནས་འཇུག་པ་དཔེར་ན།བཅས།བཅོམ།བཅུག།ལྟ་བུ།ཏ་ལ་རྐྱང་བརྩེགས་གཉིས་ཀྱིས་འཇུག་སྟེ་དཔེར་ན།བཏབ།བཏུད།བཏགས།བརྟགས།བལྟ།བསྟར།ལྟ་བུ།ཙ་ལ་རྐྱང་བརྩེགས་ཀྱིས་འཇུག་པ་ནི།བཙལ།བཙོས།བཙུགས།བརྩེགས།ལྟ་བུ།ག་ལ་རྐྱང་འདོགས་བརྩེགས་གསུམ་གྱིས་འཇུག་པ་ནི།བགོ།བགྲད།བགྱིས།བརྒལ།བསྒོམས།ལྟ་བུ།ང་ལ་བརྩེགས་འཕུལ་ཁོ་ནས་འཇུག་པ་ནི།བརྔམས།བསྔགས།ལྟ་བུ།ཇ་ལ་བརྩེགས་འཕུལ་ཁོ་ནས་འཇུག་པ།བརྗེས།བརྗིད།ལྟ་བུ།ཉ་ལ་བརྩེགས་འཕུལ་ཁོ་ནས།བརྙན།བསྙེན།ལྟ་བུ།ད་ལ་རྐྱང་བརྩེགས་གཉིས་ཀྱིས་འཇུག་པ་ནི།བདེ།བརྡ།བལྡག།བསྡད།ལྟ་བུ།ན་ལ་བརྩེགས་འཕུལ་ཁོ་ནས།བརྣག།བསྣམས།ལྟ་བུ།ཛ་ལ་བརྩེགས་འཕུལ་ཁོ་ནས་འཇུག་པ་ནི།བརྫེས།བརྫིས།ལྟ་བུ།ཞ་ལ་རྐྱང་འཕུལ།བཞག།བཞི།བཞེས།ལྟ་བུ།ཟ་ལ་རྐྱང་འདོགས་གཉིས།དཔེར་ན།བཟང་།བཟི།བཟུང་།བཟེད།བཟོ།བཟླས།ལྟ་བུ།ར་ལ་འདོགས་འཕུལ་ཁོ་ནས་འཇུག་པ་ནི།བརླབས།ལྟ་བུ།ཤ་ལ་རྐྱང་འཕུལ་ཁོ་ནས་འཇུག་པ་ནི།དཔེར་ན།བཤད།བཤེས།ལྟ་བུ།ས་ལ་རྐྱང་འདོགས་གཉིས་ཀྱིས་འཇུག་པ།བསམ།བསུ།བསེ།བསོས།བསྲིས།བསྲུངས།བསྲེས།བསྲོས།བསླབ།ལྟ་བུ།
མ་ནིང་ག་ནི་ཅ་ཏ་ཙ།།ཉ་ད་ན་ཞ་ཟ་ཡ་ཤ།སར་འཇུག།ཅེས་པ།སྔོན་འཇུག་གི་མ་ནིང་ག་ནི་མིང་གཞིའི།ཅ་དང་།ཏ་དང་།ཙ་དང་།ཉ་དང་།ད་དང་།ན་དང་།ཞ་དང་།ཟ་དང་།ཡ་དང་།ཤ་དང་།ས་བཅས་བཅུ་གཅིག་ལ་རྐྱང་འཕུལ་ཁོ་ནས་འཇུག་པ་ནི།གཅོད།གཏེར།གཙོ།གཉེན།གདོང།གནད།གཞལ།གཟིགས།གཡང་།གཤེགས།གསུང་།ལྟ་བུ།མ་ནིང་ད་ཡིག་ནི།།ཀ་པ་ག་བ་ང་མར་འཇུག།ཅེས་པ།སྔོན་འཇུག་གི་མ་ནིང་ད་ཡིག་ནི་མིང་གཞིའི།ཀ་དང་།པ་དང་།ག་དང་།བ་དང་།ང་དང་།མ་བཅས་དྲུག་པོ་འདི་རྣམས་ལ་འཇུག་ཅིང་།དེ་ཡང་ང་ལ་རྐྱང་འཕུལ་དང་གཞན་ལྔ་ལ་རྐྱང་འདོགས་གཉིས་ཏེ།དཔེར་ན།དཀར།དཀྱིལ།དཀྲིགས།དཔལ།དཔྲལ།དཔྱིད།དགའ།དགྲ།དགྱེས།དབང་།དབྲི།དབྱིབས།དངུལ།དམའ།དམིགས།དམྱལ།ལྟ་བུ།
མོ་ཡིག་འ་ནི་ག་ཇ་ད།།བ་ཛ་ཁ་ཆ་ཐ་ཕ་ཚར།།ཞེས་པ།ག་དང་།ཇ་དང་།ད་དང་།བ་དང་།ཛ་དང་།ཁ་དང་།ཆ་དང་།ཐ་དང་།ཕ་དང་།ཚ་བཅས་བཅུ་པོ་ལ་མོ་ཡིག་འ་འཇུག་པ་ལས།ག་ལ་རྐྱང་འདོགས་གཉིས་ཀྱིས་འཇུག་པ་ནི།འགའ།འགྲོ།འགྱེལ།ཇ་ལ་རྐྱང་འཕུལ་ནི།འཇལ།ད་ལ་རྐྱང་འདོགས་ཀྱི་དཔེ་ནི།འདབ།འདི།འདྲ།བ་ལ་རྐྱང་འདོགས་དཔེར་ན།འབའ།འབྲོག།འབྱོར།ཛ་ལ་རྐྱང་འཕུལ་ནི།འཛེར།འཛུམ།འཛོལ།ཁ་ལ་རྐྱང་འདོགས།འཁོར།འཁྲུལ།འཁྲི།འཁྱིར།ཆ་ལ་རྐྱང་འཕུལ།འཆད།འཆང་།འཆར།ཐ་ལ་རྐྱང་འཕུལ།འཐོབ།ཕ་ལ་རྐྱང་འདོགས།འཕར།འཕྲེང་།འཕྱི།ཚ་ལ་རྐྱང་འཕུལ།འཚལ།ལྟ་བུ།
ཤིན་ཏུ་མོ་ཡི་མ་ཡིག་ནི།།ཁ་ཆ་ཐ་ཚ་ག་ཇ་ད།།ཛ་ང་ཉ་ན་རྣམས་ལ་འཇུག།ཅེས་པ།སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་མིང་གཞིའི།ཁ་དང་།ཆ་དང་།ཐ་དང་།ཚ་དང་།ག་དང་།ཇ་དང་།ད་དང་།ཛ་དང་།ང་དང་།ཉ་དང་།ན་བཅས་བཅུ་གཅིག་ལ་འཇུག་པའི་ཁ་ག་གཉིས་ལ་རྐྱང་འདོགས་དང་།གཞན་མ་རྐྱང་འཕུལ་དཔེར་ན།མཁའ།མཁྲིས།མཁྱེན།མཆིས།མཐོང་།མཚུངས།མགོན།མགྲིན།མགྱོགས།མཇལ།མདའ།མཛོད།མངའ།མཉམ།མནན།ལྟ་བུ།
ཇི་ལྟར་འཇུག་པར་བྱེད་ཅེ་ན།།ཕོ་ནི་སྒྲ་རྩོལ་དྲག་པར་འཇུག།མ་ནིང་རན་པར་འཇུག་པ་ཡིན།།མོ་ནི་ཞན་པའི་ཚུལ་གྱིས་ཏེ།།ཤིན་ཏུ་མོ་ནི་མཉམ་པས་སོ།།ཞེས་པ།སྒྲ་རྩོལ་དང་མཐུན་པའི་སྒོ་ནས་ཇི་ལྟར་འཇུག་པར་བྱེད་པ་ཡིན་ནམ་ཟེར་ན།སྔོན་འཇུག་གི་ཕོ་བ་ནི་རང་གི་འཇུག་ཡུལ་མིང་གཞིའི་ཡེ་གེ་རྣམས་ལ་སྒྲ་སྟེ་སྐད་གདངས་ཆེ་བ་དང་།རྩོལ་བ་ཞེས་པ་དབུགས་ལ་སོགས་པའི་རྩོལ་བ་ཤིན་ཏུ་ཆེ་བས་སྒྲ་རྩོལ་དྲག་པར་འཇུག་པ་དང་།མ་ནིང་ག་ད་གཉིས་ནི་སྒྲ་རྩོལ་ཆ་སྙོམས་རན་པ་སྟེ་འཚམས་པར་འཇུག་པ་དང་།མོ་འ་ཡིག་ནི་སྒྲ་རྩོལ་ཞན་པ་སྟེ་ཆུང་བའི་ཚུལ་གྱིས་འཇུག་པ་དང་།ཤིན་ཏུ་མོ་མ་ཡིག་ནི་སྒྲ་རྩོལ་མོ་ལས་ཀྱང་ཤིན་ཏུ་ཞན་པས་ན་མཉམ་པས་སོ་ཞེས་པའོ།།
ཅི་ཕྱིར་འཇུག་པར་བྱེད་ཅེ་ན།།ཞེས་པ།སྔོན་འཇུག་ལྔ་པོ་དེ་རྣམས་འཇུག་ཡུལ་མིང་གཞིའི་ཡེ་གེ་རྣམས་ལ་དགོས་པ་ཅི་ཕྱིར་འཇུག་པར་བྱེད་ཅེ་ན།
ཐོག་མར་འདི་ལྟར་ཤེས་དགོས་ཏེ།།ལས་གང་ཞིག་ལ་བྱེད་པ་པོ།།གཞན་དང་དངོས་སུ་འབྲེལ་བ་ཡི།།དབང་དུ་བྱས་ནས་བྱེད་པོ་དང་།།དེ་ཡི་བྱེད་པ་གཉིས་པོ་ནི།།དངོས་པོ་བདག་ཡིན་བྱ་ཡུལ་དང་།།བྱ་བ་གཉིས་པོ་དངོས་པོ་གཞན།།ཞེས་པ།སྔོན་འཇུག་གི་ཅི་ཕྱིར་འཇུག་གི་གཞུང་དོན་ཞིབ་ཏུ་ཤེས་པ་ལ་ཐོག་མར་འདི་ལྟར་ཤེས་པར་བྱེད་དགོས་ཏེ།ལས་སམ་བྱ་ཡུལ་ལ་བྱ་བ་ཞིག་བྱེད་རྒྱུ་ཡོད་ན་བདག་གཞན་དུས་གསུམ་གྱི་དབྱེ་བ་འཇུག་ལ།ལས་སམ་བྱ་ཡུལ་ལ་བྱ་བ་བྱེད་རྒྱུ་མེད་ན་བདག་གཞན་དུས་གསུམ་གྱི་དབྱེ་བ་མི་འཇུག།དེ་ལ་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས་བྱེད་པོ་གང་ཟག་དང་དེའི་བྱེད་པ་ནི་ཤིང་གཅོད་པ་ལྟ་བུར་མཚོན་ན་སྟ་རེ་ཡིན་པས་དེ་གཉིས་ནི།བདག་གཞན་གཉིས་ཀྱི་ནང་ནས་བདག་ཡིན།དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་དང་བྱ་བ་གཉིས་པོ་ནི་བདག་གཞན་གཉིས་ཀྱི་ནང་ནས་གཞན་ཡིན།དེ་ཡང་བྱ་བའི་ཡུལ་གྱི་དངོས་པོ་ནི་ཤིང་ཡིན།བྱ་བ་ནི་ཤིང་གཅོད་པའི་ལས་ཀ་སྟ་རེའི་འདེགས་འཇོག་དང་ཤིང་དུམ་བུར་བཏུབ་པ་སོགས་ཡིན།དཔེ་བརྗོད་ཀྱི་སྐབས་སུ།ཤིང་གཅོད་པ་པོ།ཤིང་གཅོད་པོ།ཞེས་པའི་སྒྲ་འདི་ལྟ་བུས་བྱེད་པོ་གང་ཟག་ཤིང་མཁན་གོ་བས་བདག་གཞན་གཉིས་ནས་བདག་ཡིན།གཅོད་པར་བྱེད།གཅོད་དོ།།ལྟ་བུ་བྱེད་ལས་གསལ་བྱེད་ཀྱི་སྒྲ་ཟེར་བ་ཡིན་ནོ།།དོན་དུ་བྱེད་པ་སྟ་རེ་དང་དེ་འདེགས་པའི་བྱ་བ་གོ་དགོས།བདག་གཞན་གཉིས་ནས་དེ་ཡང་བདག་ཡིན།གཅད་བྱ།གཅད་པར་བྱ་བ།གཅད་བྱའི་ཤིང་།ལྟ་བུ་འདི་རྣམས་ཚིག་བརྗོད་ཚུལ་མི་འདྲ་བ་བྱུང་ཡང་དོན་གཅིག་ཅིང་བྱ་ཡུལ་གསལ་བྱེད་ཀྱི་སྒྲ་ཟེར་བ་ཡིན།འདི་སྐབས་བྱ་ཡུལ་ཤིང་གོ་དགོས་ཤིང་བདག་གཞན་གཉིས་ནས་གཞན་ཡིན།གཅད་པར་བྱ།གཅད་དོ།།ལྟ་བུ་འདི་རྣམས་ལ་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་གསལ་བྱེད་ཀྱི་སྒྲ་ཟེར་བ་ཡིན།འདི་སྐབས་སྟ་རེ་འདེགས་པའི་བྱ་བ་ཤིང་གི་སྟེང་དུ་བབས་ནས་ཤིང་བཀས་པ་དང་དུམ་བུར་འགྲོ་བ་སོགས་གོ་དགོས་ཤིང་བདག་གཞན་གཉིས་ནས་གཞན་ཡིན།བདག་གཞན་གཉིས་ཀྱི་དབྱེ་བ་དེ་ལྟར་བློ་ལ་བཞག་ནས།
དུས་གསུམ་གྱི་དབྱེ་བ་ནི།དེ་བཞིན་བྱེད་པ་པོ་གཞན་དང་།།དངོས་སུ་འབྲེལ་མིན་ཇི་ལྟར་ཡང་།།བྱ་བ་བྱས་ཟིན་འདས་པ་དང་།།བྱ་བ་བྱེད་འགྱུར་མ་འོངས་དང་།།བྱེད་བཞིན་པ་ནི་ད་ལྟ་བ།།ཞེས་པ།གོང་དུ་བདག་གཞན་སོ་སོར་དབྱེ་བ་དེ་བཞིན་དུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་ཡང་རུང་།མ་འབྲེལ་ཡང་རུང་ཇི་ལྟར་ཡིན་ན་ཡང་།བྱ་བ་བྱས་ཟིན་པ་ནི་འདས་པ་དང་།དཔེར་ན།ལྷ་བསྒྲུབས།ཤིང་བཅད།ལྟ་བུ་དང་།བྱ་བ་བྱེད་འགྱུར་ནི་མ་འོངས་པ་དཔེར་ན།ལྷ་བསྒྲུབ།བསྒྲུབ་པར་བྱ།བསྒྲུབ་བྱ།བསྒྲུབ་པར་བྱ་བ།བསྒྲུབ་བྱའི་ལྷ།གཅད་བྱ།གཅད་པར་བྱ་བ།གཅད་པར་བྱ།གཅད་དོ།།གཅད་བྱའི་ཤིང་།འདི་རྣམས་དུས་གསུམ་ནས་དུས་མ་འོངས་པ་ཡིན།བྱ་བ་བྱེད་བཞིན་པ་ད་ལྟར་བ་ནི་དཔེར་ན།ལྷ་སྒྲུབ།སྒྲུབ་བོ།།སྒྲུབ་བཞིན་པ།སྒྲུབ་ཀྱིན་འདུག།སྒྲུབ་པར་བྱེད།སྒྲུབ་བྱེད།ཤིང་གཅོད་པར་བྱེད།གཅོད་དོ།།གཅོད་བྱེད།གཅོད་བཞིན་པ།གཅོད་ཀྱིན་འདུག།ལྟ་བུ་འདི་རྣམས་ད་ལྟ་བ་ཡིན།
ཡང་བྱ་བྱེད་ལས་གསུམ་ཟེར་རྒྱུ་འདི་ངོས་འཛིན་ཡག་པོ་ཤེས་དགོས་པས།གཅོད་པོ་དང་།སྒྲུབ་པ་པོ།ལྟ་བུ་འདི་རྣམས་བྱ་བྱེད་ལས་གསུམ་གྱི་ནང་ནས་བྱེད་པ་ཡིན།གཅོད་པར་བྱེད།གཅད་པར་བྱ།གཅད་དོ།།སྒྲུབ་པར་བྱེད།བསྒྲུབ་པར་བྱ།བསྒྲུབ་བོ།།ལྟ་བུ་བྱ་བྱེད་ལས་གསུམ་གྱི་ནང་ནས་བྱ་བ་ཡིན།གཅད་བྱ།གཅད་པར་བྱ་བ།གཅད་བྱའི་ཤིང་།བསྒྲུབ་བྱ།བསྒྲུབ་པར་བྱ་བ།བསྒྲུབ་བྱའི་ལྷ།ལྟ་བུ་འདི་རྣམས་བྱ་བྱེད་ལས་གསུམ་གྱི་ནང་ནས་ལས་ཟེར་བ་དེ་ཡིན་ཏེ།བསྟན་བཅོས་འདི་ཡི་གཤམ་དུ།ལས་དང་བྱ་ཡུལ་དོན་གཅིག་སྟེ།།ཞེས་གསུངས་པའི་ཕྱིར།
ཡང་བྱེད་པ་ལ་གཙོ་ཕལ་གཉིས་ཡོད་པས་གཅོད་པ་པོ་ཤིང་གཅོད་མཁན་གང་ཟག་དེ་གཙོ་བོ་ཡིན།གཅོད་བྱེད་སྟ་རེ་ཕལ་པ་ཡིན།ཤིང་གཅད་པ་བྱ་བ་ཡིན་ཅིང་དེ་ལ་བྱེད་པ་པོ་ལ་ཡོད་པའི་བྱ་བ་དང་།བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་གཉིས་ཡོད་དེ།སྟ་རེས་ཤིང་གཅོད་པའི་རྩོལ་བ་ནི་བྱེད་པ་པོ་ཤིང་མཁན་ལ་ཡོད་ཅིང་དེ་གསལ་བྱེད་ཀྱི་སྒྲ་ནི།གཅོད་པར་བྱེད་ཟེར་བ་འདི་ཡིན།ཤིང་དུམ་བུར་བཅད་པའི་ཆ་ནི་བྱ་ཡུལ་ཤིང་གི་སྟེང་དུ་ཡོད་ཅིང་དེ་གསལ་བྱེད་ཀྱི་སྒྲ་ནི།གཅད་དོ།།གཅད་པར་བྱ།ཞེས་པ་འདི་ཡིན་ནོ།།འདི་སྐབས་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བ་མང་པོ་འདུག་ཀྱང་རང་ལུགས་འདི་ལྟར་འཐད་པར་སེམས་སོ།།ཡང་གོང་དུ་དངོས་པོ་བདག་ཡིན་ཞེས་པའི་དངོས་པོ་དེ་རྟགས་འཇུག་རྩ་བ་ན་དངོས་སུ་གསུངས་མེད་པས་གསར་བུ་བ་རྣམས་ལ་མ་སྦྱར་ན་རེ་ཞིག་གོ་བདེ་ཞིང་།དངོས་པོ་དང་དངོས་ཅན་གྱི་དངོས་པོ་དེ་ཡིན་ཟེར་བ་གུ་དོག་འབའ་ཞིག་གོ།
དེ་ཕྱིར་དུས་གསུམ་དབྱེ་བས་ནི།།བྱེད་ལས་དང་འབྲེལ་ངག་གི་ནི།།སྦྱོར་བ་ཀུན་ལ་ཁྱབ་པ་ཡིན།།ཞེས་པ།རྒྱུ་མཚན་དེའི་ཕྱིར་དུས་གསུམ་གྱི་དབྱེ་བས་ནི་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ་པ་ཡིན།ཞེས་པའོ།།དེ་ཡང་གོ་བདེ་བར་བརྗོད་ན་བྱེད་ལས་དང་འབྲེལ་བའི་ངག་ཡིན་ཚད་ཐམས་ཅད་ཡང་ན་དུས་འདས་པ་ཡིན་དགོས།ཡང་ན་དུས་མ་འོངས་པ་ཡིན་དགོས།ཡང་ན་ད་ལྟ་བ་ཡིན་དགོས།ཞེས་པའི་དོན་ནོ།།བདག་གཞན་དབྱེ་བས་དེ་ཙམ་དུ།།ཁྱབ་པ་མིན་ཡང་བྱེད་པོ་དང་།།བྱ་ཡུལ་བསྡུ་ཕྱིར་དབྱེ་བ་དེ།།མཛད་ནས་བདག་གཞན་དང་འབྲེལ་བའི།།བྱ་བྱེད་རྣམས་ཀྱང་དེ་ཁོངས་བསྡུས།།ཞེས་པ།བདག་གཞན་གྱི་དབྱེ་བས་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་དུས་གསུམ་གྱི་དབྱེ་བས་ཁྱབ་པ་དེ་ཙམ་དུ་མ་ཁྱབ་ཀྱང་།འོ་ན་གང་ལ་མ་ཁྱབ་ཅེ་ན།གདུགས་སུ་འཁྱིར།ཆུར་འཁྱིལ།ལྟ་བུ་འདི་རྣམས་ལ་དུས་གསུམ་གྱི་དབྱེ་བས་ཁྱབ་ཀྱང་བདག་གཞན་གྱི་དབྱེ་བས་མ་ཁྱབ་པ་སྟེ་བདག་གཞན་གྱི་དབྱེ་བའི་ཁོངས་སུ་མ་གཏོགས་སོ།།
བདག་གཞན་གྱི་དབྱེ་བ་མཛད་པའི་དགོས་པ་ནི།སྒྲུབ་པ་པོ།བསྒྲུབ་བྱའི་ལྷ།ལྟ་བུ་བྱེད་པ་པོ་དང་བྱ་ཡུལ་གཉིས་བསྡུ་བའི་ཕྱིར་དུ་དབྱེ་བ་དེ་མཛད་ནས།དེའི་ཞར་ལ་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་དེ་ཁོངས་བསྡུས་ཞེས་པའོ།།བྱ་བྱེད་ཀྱི་སྒྲ་ཤེད་མཚུངས་བདག་གཞན་གྱི་ཁོངས་སུ་བསྡུ་ཚུལ་ཇི་ལྟར་ཡིན་སྙམ་ན།སྒྲུབ་པར་བྱེད།ཅེས་པའི་ཚིག་འདི་སྒྲུབ་པ་པོ་ཞེས་པ་དང་ཤེད་མཚུངས་ཡིན་པས་བདག་གཞན་གཉིས་ཀྱི་ནང་ནས་བདག་གི་ཁོངས་སུ་བསྡུས།བསྒྲུབ་པར་བྱ།ཞེས་པ་འདི་བསྒྲུབ་བྱའི་ལྷ་ཞེས་པ་དང་ཤེད་མཚུངས་ཡིན་པས་བདག་གཞན་གཉིས་ཀྱི་ནང་ནས་གཞན་གྱི་ཁོངས་སུ་བསྡུས།ཡང་བདག་གཞན་གྱི་དབྱེ་བ་མ་མཛད་ན་ཅིར་འགྱུར་སྙམ་ན།མ་མཛད་ན་སྐྱོན་འདི་ལྟར།དཔེར་ན།སྐལ་ལྡན་གྱིས་སངས་རྒྱས་བསྒྲུབས་ལྟ་བུའི་ཚེ།བསྒྲུབས་ཞེས་པའི་ཚིག་ཁོ་ནས་དུས་འདས་པ་གོ་ནུས་ཀྱང་།སྐལ་ལྡན་དང་སངས་རྒྱས་དེ་ཇི་ལྟ་བུ་ཡིན་ནམ་སྙམ་པའི་དོགས་པ་འབྱུང་བའི་སྐྱོན་ཡོད།བདག་གཞན་གྱི་དབྱེ་བ་མཛད་པས་སྐལ་ལྡན་དེ་བདག་བྱེད་པོ་དང་།སངས་རྒྱས་བསྒྲུབ་པར་བྱ་བ་གཞན་དེ་ཡིན་པ་བདེ་བླག་ཏུ་གོ་བའི་དགོས་པ་ཡོད་པས་དེའི་ཕྱིར་བདག་གཞན་གྱི་དབྱེ་བ་མཛད་དོ།།
དེས་ན་དུས་གསུམ་དུ་དབྱེ་བ།།བདག་གཞན་དབྱེ་བས་མ་ཁྱབ་པ།།བསྡུ་བའི་དོན་དུ་ཤེས་དགོས་པར།།གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས།།བྱེད་ལས་ཙམ་དང་འབྲེལ་བ་ཡི།།དངོས་པོ་བདག་ལའང་འཇུག་པ་མཐོང་།།ཞེས་པ།དེས་ན་འདས་པ།མ་འོངས་པ།ད་ལྟ་བ་བཅས་དུས་གསུམ་དུ་དབྱེ་བའི་དགོས་པ་ནི།བདག་གཞན་གྱི་དབྱེ་བས་མ་ཁྱབ་པའམ་མ་བསྡུས་པ་ལྕགས་གསེར་དུ་གྱུར་ལྟ་བུ་དུས་འདས་པ་དང་།ཆུ་འཁྱིལ་བར་འགྱུར་ལྟ་བུ་དུས་མ་འོངས་པ་དང་།གདུགས་འཁྱིལ་གྱིན་འདུག།འཁྱིར་བཞིན་པའོ།།ལྟ་བུ་དུས་ད་ལྟ་བ་རྣམས་སུ་བསྡུ་བའི་དོན་དུ་ཤེས་དགོས་པར་གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས་བྱེད་ལས་ཙམ་དང་འབྲེལ་བ་ཡི།ཆོས་འཆད་པ་པོ།འཆད་པར་བྱེད།ལྟ་བུ་དངོས་པོ་བདག་ལའང་འཇུག་པ་མཐོང་ངོ་།།ཞེས་པའོ།།
དེ་ལྟར་ངེས་ནས་ཕོ་ཡིག་བ།།ཞེས་པ།བཤད་མ་ཐག་པ་དེ་ལྟར་ཚུལ་བཞིན་ངེས་ནས་སྔོན་འཇུག་གི་ཕོ་ཡིག་བ་ནི།དུས་འདས་པ་དང་།གཞན་གཉིས་ལ་འཇུག་པའི་དཔེར་བརྗོད་ནི།ཞེས་པའོ།།བསྒྲུབས་སོ་ལྟ་བུ་འདས་པ་དང་།།ཞེས་པ།བསྒྲུབས་སོ།།བཀང་།བཅད།ལྟ་བུ་འདི་རྣམས་དུས་འདས་པ་ཡིན་པས་དེས་མཚོན་ནས་རྒྱ་ཆེར་ཤེས་པར་བྱའོ།།བསྒྲུབ་བྱའི་ལྷ་དང་བསྒྲུབ་པར་བྱ།།ཞེས་སོགས་དངོས་པོ་གཞན་ལ་འཇུག།ཅེས་པ།ཕོ་ཡིག་བ་བསྒྲུབ་བྱའི་ལྷ་སོགས་དངོས་པོ་གཞན་ལ་འཇུག་པའི་དཔེ་ནི།བསྒྲུབ་བྱ།བསྒྲུབ་པར་བྱ་བ།བསྒྲུབ་བྱའི་ལྷ།བཅག་བྱ།བཅག་པར་བྱ།བཅག་བྱའི་རྡོ།ལྟ་བུ།
མ་ནིང་ག་ད་གཉིས་པོ་ནི།།ཞེས་པ།སྔོན་འཇུག་མ་ནིང་ག་དང་ད་གཉིས་པོ་ནི་དངོས་པོ་བདག་དང་།དངོས་པོ་གཞན་དང་།དུས་ད་ལྟ་བ་བཅས་གསུམ་ལ་འཇུག་པ་ལས་དང་པོ་དངོས་པོ་བདག་ལ་འཇུག་པ་ནི།གཅོད་པ་པོ་དང་གཅོད་པར་བྱེད།།གཅོད་པར་འགྱུར་དང་དཀྲི་བ་པོ།།དཀྲི་བར་བྱེད་དང་དཀྲི་བར་འགྱུར།།ཞེས་སོགས་དངོས་པོ་བདག་དོན་དང་།།ཞེས་པ།ཤིང་གཅོད་པ་པོ།གཅོད་བྱེད།གཅོད་པར་བྱེད།གཅོད་པར་འགྱུར་རོ།།སྣལ་མ་དཀྲི་བ་པོ།དཀྲི་བར་བྱེད།དཀྲི་བར་འགྱུར།གསོད་པ་པོ།གསོད་པར་བྱེད།རྒྱ་མཚོ་དཀྲུག་པ་པོ།དཀྲུག་པར་བྱེད།ལྟ་བུ་དངོས་པོ་བདག་གསལ་བྱེད་ཀྱི་དོན་དུ་གོ་བར་བྱའོ།།གཉིས་པ།གཅད་བྱའི་ཤིང་དང་གཅད་པར་བྱ།།དཀྲི་བྱའི་སྣལ་མ་དཀྲི་བར་བྱ།།ཞེས་སོགས་དངོས་པོ་གཞན་དོན་དང་།།ཞེས་པ།མ་ནིང་ག་ད་གཉིས་གཅད་བྱའི་ཤིང་སོགས་དངོས་པོ་གཞན་དོན་དུ་འཇུག་པ་ནི།གསད་བྱ།གསད་པར་བྱ་བ།གསད་བྱའི་ལུག།དགག་བྱ།དགག་པར་བྱ་བ།དགག་བྱའི་སྐྱོན།ལྟ་བུ།གསུམ་པ།གཅོད་བཞིན་པ་དང་དཀྲི་བཞིན་པ།།ཞེས་སོགས་ད་ལྟ་སྒྲུབ་ཆེད་འཇུག།ཅེས་པ།མ་ནིང་ག་ད་གཉིས་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱེད་བཞིན་པ་ད་ལྟ་བར་འཇུག་པ་ནི།ཤིང་གཅོད་བཞིན་པ།གཅོད་ཀྱིན་འདུག།སྣལ་མ་དཀྲི་བཞིན་པ།དཀྲི་ཡིན་འདུག།དོན་གཉེར་བཞིན་པ།གཉེར་གྱིན་འདུག།ཞོ་དཀྲོག་བཞིན་པ།དཀྲོག་པའི་སྒང་ཡིན།ལྟ་བུ་བྱེད་ལས་གསལ་བྱེད་ཀྱི་སྒྲ་ཚིག་གྲོགས་ཀྱིས་བསྒྱུར་བ་འདི་རྣམས་ད་ལྟ་བ་བསྒྲུབ་པའི་ཆེད་དུ་འཇུག་གོ།
མོ་ཡིག་འ་ནི་བདག་དངོས་དང་།བདག་དོན་ཕལ་པ་དང་།དུས་ད་ལྟ་བ་དང་།མ་འོངས་པ་བཅས་བཞི་ལ་འཇུག།དང་པོ་བདག་དངོས་ནི།མོ་ཡིག་འ་ནི་འཆད་པ་པོ།།འཆད་པར་བྱེད་དང་འཆད་པར་འགྱུར།།ཞེས་སོགས་དངོས་པོ་བདག་དངོས་དང་།།ཞེས་པ།ཆོས་འཆད་པ་པོ།འཆད་པར་བྱེད།འཆད་པར་འགྱུར།མདུད་པ་འགྲོལ་བ་པོ།འགྲོལ་བྱེད།འགྲོལ་བར་འགྱུར།དེ་སོགས་དངོས་པོ་བདག་ཡིན་པས་དེ་བསྒྲུབ་པའི་ཕྱིར་འཇུག་གོ།གཉིས་པ་བདག་དོན་ཕལ་པ་ནི།འགྲོ་བ་པོ་དང་འགྲོ་བར་བྱེད།།ཅེས་སོགས་བདག་དོན་ཕལ་པ་དང་།།ཞེས་པ།མོ་ཡིག་བདག་དོན་ཕལ་པ་ལ་འཇུག་པའི་དཔེ་ནི།ལམ་དུ་འགྲོ་བ་པོ།འགྲོ་བར་བྱེད།འགྲོ་བར་འགྱུར་རོ།།མགོ་འཁོར་བ་པོ།འཁོར་བྱེད།ཕྱོགས་ཤར་ནས་འཆར་བ་པོ།འཆར་བྱེད།འོད་འཚེར་བ་པོ།འཚེར་བྱེད།སོགས་བྱ་བྱེད་ངོ་བོ་གཅིག་པའམ་ཐ་མི་དད་པར་སྣང་བའི་བདག་དོན་ཕལ་པ་ལ་འཇུག་གོ།གསུམ་པ་དུས་ད་ལྟ་བ་ནི།འཁྱིལ་ལོ་ཞེས་སོགས་ད་ལྟ་བ།།ཞེས་པ།ཆུ་འཁྱིལ་ལོ།།འཁྱིལ་བཞིན་པ།གདན་ལ་འཁོད་བཞིན་པ།འཁོད་མུས་ཡིན།མེ་འབར་བཞིན་པ།བདེ་བར་འཚོ་བཞིན་པ།སོགས་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བ་བསྒྲུབ་པའི་ཕྱིར་འཇུག་པའོ།།བཞི་པ་དུས་མ་འོངས་པ་ནི།འཁྱིལ་བར་འགྱུར་སོགས་མ་འོངས་འཇུག།ཅེས་པ།ཆུ་འཁྱིལ་བར་འགྱུར།སྨན་འཇུ་བར་འགྱུར།ལུས་འཚོ་བར་འགྱུར།དེ་ལ་སོགས་པ་བྱ་བྱེད་ཐ་མི་དད་དུ་སྣང་བའི་བྱ་བ་བྱེད་འགྱུར་མ་འོངས་པ་བསྒྲུབ་པའི་ཕྱིར་འཇུག་གོ།

ཤིན་ཏུ་མོ་ཡི་མ་ཡིག་ནི།།བདག་གཞན་དུས་གསུམ་མཉམ་པར་འཇུག།ཅེས་པ།སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་བདག་གཞན་གཉིས་དང་དུས་གསུམ་སྟེ་ཐམས་ཅད་ལ་མཉམ་པར་འཇུག།དེ་ཡང་བདག་ལ་འཇུག་པ་ནི།མཁྱེན་པ་པོ།མཁས་པར་བྱེད།ལྟ་བུ།གཞན་ལ་འཇུག་པ་ནི།མཁས་བྱ།མཆོད་བྱ།མཆོད་པར་བྱ།ལྟ་བུ།དུས་འདས་པ་ལ་འཇུག་པ་ནི།མཁྱེན་ཏོ།།མཁས་པར་བྱས།མགུ་བར་བྱས།ལྟ་བུ།དུས་ད་ལྟ་བར་འཇུག་པ་ནི།མཁྱེན་བཞིན་པ།མཇལ་བཞིན་པ།མཐུན་གྱིན་འདུག།ལྟ་བུ།མ་འོངས་པ་ལ་འཇུག་པ་ནི།མཁས་པར་འགྱུར།མཛའ་བར་འགྱུར།མཐུན་པར་འགྱུར།ལྟ་བུ་ཀུན་ལ་མཉམ་པར་འཇུག་གོ།

འོན་ཀྱང་བྱེད་པོ་གཞན་དངོས་དང་།།འབྲེལ་བའི་འདས་ལ་འའི་སྔོན་འཇུག།མེད་པར་ངེས་ཤིང་ག་ད་ཉུང་།།ཞེས་པ།འོན་ཀྱང་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་འདས་ཚིག་རྣམས་ལ་འའི་སྔོན་འཇུག་མེད་པར་ངེས་ཤིང་།དེར་མ་ཟད་ག་ད་གཉིས་ཀྱང་ཉུང་བར་ཡོད་དོ་ཞེས་པའོ།།ད་ལྟ་བ་ལ་བའི་སྔོན་འཇུག།ཉུང་ཞིང་མགོ་ཅན་ད་ལྟ་བར།།བས་འཕུལ་མེད་པར་ངེས་པ་ཙམ།།ཞེས་པ།ད་ལྟ་བའི་ཚིག་རྣམས་ལ་བ་ཡིག་གི་སྔོན་འཇུག་ཉུང་བར་མ་ཟད།ར་ལ་སའི་མགོ་ཅན་ད་ལྟ་བ་རྣམས་ལ་ཡང་བ་འཕུལ་མེད་པར་ངེས་པ་ཙམ་ཡིན།ཞེས་པའོ།།
གཞན་ཡང་བས་འཕུལ་ཅན་ཕལ་ཆེར།།བྱེད་པ་པོ་ནི་ད་ལྟ་དང་།།བྱ་ཡུལ་མ་འོངས་པར་བསྡུས་ནས།།ཞེས་པ།གཞན་ཡང་བའི་འཕུལ་རྟེན་ཅན་ཕལ་ཆེར་བྱེད་པ་པོ་དང་།བྱ་ཡུལ་གཉིས་ལས་བྱེད་པ་པོ་ནི་ད་ལྟ་བའི་ཁོངས་དང་།བྱ་ཡུལ་མ་འོངས་པའི་ཁོངས་སུ་བསྡུས་ནས་དུས་འདས་པ་དང་།ད་ལྟ་བ་དང་།མ་འོངས་པ་དང་།སྐུལ་ཚིག་བཅས་བཞི་རུ་དབྱེ་བར་བྱའོ།།དང་པོ་ནི།འདས་ལ་བས་འཕུལ་ཡང་འཇུག་ཡོད།།ཅེས་པ།མགོ་ཅན་འདས་ཚིག་རྣམས་ལ་བ་སོགས་སྔོན་འཇུག་དང་ཡང་འཇུག་གཉིས་ཀ་འཇུག་སྟེ།དཔེར་ན།ལྷ་བསྒོམས།ལྟ་བུ།གཉིས་པ་ནི།ད་ལྟ་བ་ལ་གཉིས་ཀ་མེད།།ཅེས་པ།ད་ལྟ་བའི་ཚིག་རྣམས་ལ་སྔོན་འཇུག་ཡང་འཇུག་གང་ཡང་མི་འཇུག་པའི་དཔེ་ནི།སྒྲུབ་པ་པོ།སྒྲུབ་བྱེད།སྒྲུབ་པར་བྱེད།སྒྲུབ་བོ།།ལྟ་བུ།གསུམ་པ།མ་འོངས་འཕུལ་ཡོད་ཡང་འཇུག་མེད།།ཅེས་པ།མ་འོངས་པའི་ཚིག་རྣམས་ལ་འཕུལ་ཡོད་ཡང་འཇུག་མེད་པའི་དཔེ་ནི།བསྒྲུབ་བྱ།བསྒྲུབ་པར་བྱ།བསྒྲུབ་བྱའི་ལྷ།ལྟ་བུ།བཞི་པ་སྐུལ་ཚིག་རྣམས་ལ་ཡང་འཇུག་ཡོད་མེད་གཉིས།དང་པོ་ཡོད་པ་ནི།སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད།།ཅེས་པ།སྐུལ་ཚིག་རྣམས་ལ་འཕུལ་རྟེན་སྔོན་འཇུག་མེད་ཅིང་།ཡང་འཇུག་ཡོད་པའི་དཔེ་ནི།སྒྲུབས་ཤིག།སྲུངས་ཤིག།ལྟ་བུ།གཉིས་པ་ཡང་འཇུག་མེད་པ་ནི།སྐབས་འགར་འདས་དང་སྐུལ་ཚིག་ལ།།ས་རྐྱང་སྦྱར་བས་འཐུས་པའང་ཡོད།།ཅེས་པ།འདས་ཚིག་དང་སྐུལ་ཚིག་ཕལ་ཆེར་ལ་ཡང་འཇུག་ཐོབ་ཀྱང་།སྐབས་འགར་འདས་པ་དང་སྐུལ་ཚིག་གཉིས་ལ་ས་རྐྱང་སྦྱར་བས་འཐུས་པ་སྟེ་ཆོག་པའང་ཡོད་དེ།འདས་པ་ལ་ས་རྐྱང་སྦྱར་བས་འཐུས་པ་ནི།བྱས།འདས།བལྟས།ལྟ་བུ།སྐུལ་ཚིག་ལ་ས་རྐྱང་སྦྱར་བས་འཐུས་པ་ནི།གྱིས་ཤིག།ལྟོས་ཤིག།སྐུས།ལྟ་བུ།
རྗེས་འཇུག་ཡི་གེ་བཅུ་པོ་ཡི།།ག་ད་བ་ས་བཞི་རྣམས་ཕོ།།ང་མ་འ་གསུམ་མོ་ཡིན་ཅིང་།།ན་ར་ལ་གསུམ་མ་ནིང་སྟེ།།མིང་གཞིའི་ཡི་གེ་ཀུན་ལ་འཇུག།ཅེས་པ།རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་སྟེ།ག་ང་ད་ན་བ་མ་འ།།ར་ལ་ས་རྣམས་རྗེས་འཇུག་བཅུ།།ཞེས་པ་ལྟར་རྗེས་འཇུག་ཡི་གེ་བཅུ་པོ་དེ་རྣམས་ལ་ནང་གསེས་དབྱེ་ན་གསུམ་དུ་ཡོད།གསུམ་གང་ཞེ་ན།ཕོ་དང་།མོ་དང་།མ་ནིང་སྟེ་གསུམ་དུ་འགྱུར་རོ།།དང་པོ་ནི།ག་དང་།ད་དང་།བ་དང་།ས་བཅས་བཞི་ནི་ཕོ་ཡིག་གོ།གཉིས་པ།ང་དང་།མ་དང་།འ་བཅས་གསུམ་ནི་མོ་ཡིག་གོ།གསུམ་པ།ན་དང་།ར་དང་།ལ་བཅས་གསུམ་ནི་མ་ནིང་གི་ཡི་གེའོ།།དེ་རྣམས་མིང་གཞིའི་ཡི་གེ་ཀུན་ལ་འཇུག་པ་ཡིན་ནོ།།ཞེས་པའོ།།
ཇི་ལྟར་འཇུག་ཚུལ་གཉིས་ཡིན་ཏེ།།ཞེས་པ།རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ་སྟེ་རྗེས་འཇུག་རྣམས་ཇི་ལྟར་འཇུག་པའི་ཚུལ་ལ་གཉིས་ཡོད་པ་ཡིན་ཏེ།སྒྲའི་འཇུག་ཚུལ་དང་།དོན་གྱི་འཇུག་ཚུལ་གཉིས་ལས།
དང་པོ་ནི།དང་པོ་སྒྲ་ཡི་འཇུག་ཚུལ་ནི།།ཞེས་པ།དང་པོ་སྒྲ་ཡི་འཇུག་ཚུལ་དེ་ལ་ཡང་རྗེས་འཇུག་ཕོ་གསུམ་ནི་མིང་གཞིའི་ཡི་གེ་གང་ལ་ཞུགས་ཀྱང་བརྗོད་པའི་སྒྲ་གདངས་དྲག་པར་འཇུག་པ་དང་།མོ་གཉིས་ནི་སྒྲ་གདངས་ཞན་པར་འཇུག་པ་དང་།མ་ནིང་གསུམ་ནི་བར་མ་སྟེ་སྒྲ་གདངས་རན་པར་འཇུག་པ་ཡིན་ནོ།།
ཕོ་ལ་ཡང་ནང་གསེས་སྒྲ་རྩོལ་དྲག་པ་རྣམས་སྐྱེས་བུ་རབ་དང་།དེ་ལས་ཅུང་ཟད་ཞན་པ་བར་མ་རྣམས་སྐྱེས་བུ་འབྲིང་དང་།དེ་ལས་ཀྱང་ཤིན་ཏུ་ཞན་པ་སྐྱེས་བུ་ཐ་མ་སྟེ་གསུམ་དུ་ཡོད་པའི་དང་པོ་ནི།ཕོ་ཡི་ག་ཡིག་ཡང་འཇུག་ཅན།།སྐྱེས་བུ་རབ་དང་།ཞེས་པ།རྗེས་འཇུག་གི་ཕོ་ག་ཡིག་ལ་ཡང་འཇུག་ས་ཞུགས་ན་སྐྱེས་བུ་རབ་ཡིན་ཏེ།དཔེར་ན།མདོ་བཀླགས།དོན་གཟིགས།ལྟ་བུ་དང་།ཕོ་ཡིག་བ།།ཡང་འཇུག་ཅན་རྣམས་སྐྱེས་བུ་འབྲིང་།།ཞེས་པ།ཕོ་ཡིག་བ་ཡང་འཇུག་དང་འབྲེལ་ན་སྐྱེས་བུ་འབྲིང་ཡིན་ཏེ།དཔེར་ན།སྐྱབས།བསྒྲུབས།སྟོབས།ལྟ་བུའོ།།ག་བ་ཡང་འཇུག་མེད་པ་དང་།།ད་སའི་མཐའ་ཅན་ཐ་མ་སྟེ།།ཞེས་པ།ག་དང་བ་གཉིས་ཡང་འཇུག་མེད་པ་དང་།ད་སའི་མཐའ་ཅན་ཏེ་ད་དང་ས་རྗེས་འཇུག་ཏུ་ཡོད་པ་རྣམས་སྐྱེས་བུ་ཐ་མ་ཡིན་ཏེ།དཔེར་ན།བདག།མཆོག།ཁབ།རབ།ཡོད།བསྟོད།སྐྱེས།བཞེས།ལྟ་བུའོ།།དྲག་པ་ཕོ་ལའང་ནང་གསེས་ཀྱིས།།དྲག་ཞན་བར་མ་གསུམ་དུ་དབྱེ།།ཞེས་པ།དྲག་པ་ཕོའི་ཡི་གེ་ལའང་ནང་གསེས་ཀྱིས་དྲག་པ་སྐྱེས་བུ་རབ་དང་།བར་མ་སྐྱེས་བུ་འབྲིང་དང་།ཞན་པ་སྐྱེས་བུ་ཐ་མ་སྟེ་བཤད་མ་ཐག་པ་བཞིན་གསུམ་དུ་འགྱུར་རོ།།
དེ་བཞིན་ཞན་པ་མོ་ལ་ཡང་།།ནང་གསེས་དྲག་ཞན་གཉིས་དབྱེ་སྟེ།།ཞེས་པ།ཕོ་ལ་སྐྱེས་བུ་གསུམ་དུ་དབྱེ་བ་དེ་བཞིན་དུ་ཞན་པ་མོ་ལ་ཡང་ནང་གསེས་དྲག་པ་མོ་དང་།ཞན་པ་ཤིན་ཏུ་མོ་སྟེ་གཉིས་སུ་དབྱེ་སྟེ།ང་མ་ཡང་འཇུག་ཅན་མོ་དང་།།ཞེས་པ།ང་དང་།མ་གཉིས་ཡང་འཇུག་ཅན་རྣམས་དྲག་པ་མོ་ཙམ་ཡིན་ཏེ།དཔེར་ན།བཞེངས།གངས།དབྱིངས།བྱམས།བསྒོམས།རྣམས།ལྟ་བུའོ།།གཉིས་པ།ང་མ་ཡང་འཇུག་མེད་པ་དང་།།འ་མཐའ་ཅན་རྣམས་ཤིན་ཏུ་མོ།།ཞེས་པ།ང་དང་མ་གཉིས་ཡང་འཇུག་མེད་པ་དང་།འ་དང་བཅས་གསུམ་པོ་རྣམས་ཀྱི་མཐའ་ཅན་ཏེ་རྗེས་འཇུག་ནི་ཤིན་ཏུ་མོ་ཡིན་པའི་དཔེ་ནི།མཐོང་།ཞིང་།གསུམ།གཏམ།བཀའ།དགའ།མཁའ།མདའ།ལྟ་བུའོ།།
བར་མ་མ་ནིང་ན་ར་ལ།།ཡང་འཇུག་ཡོད་དམ་མེད་ཀྱང་རུང་།།མིང་གཞི་ཕོ་ཡིག་མཐར་ཡོད་དང་།།མིང་གཞི་མ་ནིང་རྗེས་སུ་ནི།།ཡང་འཇུག་དང་བཅས་ཞུགས་པ་ན།།དྲག་དང་འཕྲད་པས་དྲག་པར་འགྱུར།།ཞེས་པ།སྒྲ་གདངས་བར་མ་མ་ནིང་ན་ར་ལ་གསུམ་པོ་འདི་ལ་ཡང་འཇུག་ཡོད་དམ་མེད་ཀྱང་རུང་མིང་གཞི་ཕོ་ཡིག་གི་མཐར་ཡོད་པ་དང་།མིང་གཞི་མ་ནིང་གི་རྗེས་སུ་ཡང་འཇུག་དང་བཅས་ཏེ་ཞུགས་པ་ན་སྒྲ་གདངས་དྲག་པ་དང་འཕྲད་པ་ཡིན་པས་དྲག་པར་འགྱུར་ཏེ།དཔེར་ན་མིང་གཞི་ཕོ་ཡིག་དང་འཕྲད་པ་ནི།ཀུན།དཀོན།བཀར།བཀོལ།སྐུལ།ཅན།གཅེརད།བཅོལད།གཏན།བསྟནད།དཔོན།སྤར།དཔལ།སྤེལད།བརྩོན།བཙིརད།བསྩལད།སོགས་སོ།།མིང་གཞི་མ་ནིང་གི་རྗེས་སུ་ཡང་འཇུག་དང་བཅས་ཞུགས་པ་ནི།འཁོནད།ཆརད།ཐརད།ཕུལད།ཚརད།ལྟ་བུ་དྲག་དང་འཕྲད་པས་དྲག་པར་འགྱུར་བའོ།།འདི་སྐབས་སི་དངུལ་གཉིས་ཅུང་མི་འདྲ་བ་འདུག།མིང་གཞི་མོ་ཡིག་རྗེས་སུ་ནི།།ཡང་འཇུག་མེད་པར་ཞུགས་པ་ན།།ཞན་དང་འཕྲད་པས་ཞན་པར་འགྱུར།།ཞེས་པ།ན་ར་ལ་གསུམ་མིང་གཞི་མོ་ཡིག་གི་རྗེས་སུ་ནི་ཡང་འཇུག་མེད་པར་ཞུགས་པ་ན་ཞན་དང་འཕྲད་པས་ཞན་པར་འགྱུར་ཏེ།དཔེར་ན།འགྲན།འགོར།མགུལ།ལྗོན།འཇུར།མཇལ།དོན།འབར།འཛུལ།གཞོན།ཟུར།འོལ།གཡོན།བཤོར།གསལ།སོགས་སོ།།དེ་གཉིས་འགྱུར་བ་མ་ནིང་ཡིན།།ཞེས་པ།གོང་གི་དྲག་ཞན་གཉིས་པོ་དེ་འགྱུར་བ་མ་ནིང་སྟེ་འགྱུར་བ་ཞེས་པའི་དོན་ནི་མིང་གཞི་དྲག་པ་དང་འཕྲད་ན་དྲག་པ་དང་།མིང་གཞི་ཞན་པ་དང་འཕྲད་ན་ཞན་པར་འགྱུར་བ་སྟེ་རང་གསོ་མི་ཟིན་པས་ན་འགྱུར་བ་ཞེས་བརྗོད་པ་ཡིན་ནོ།།མིང་གཞི་མོ་ཡིག་རྗེས་སུ་ནི།།ཡང་འཇུག་དང་བཅས་ཞུགས་པ་ན།།དྲག་ཞན་གཉིས་ཀའི་ཆ་ལྡན་ཕྱིར།།མཚན་གཉིས་མ་ནིང་ཞེས་སུ་གྲགས།།ཞེས་པ།ན་ར་ལ་གསུམ་མིང་གཞི་མོ་ཡིག་གི་རྗེས་སུ་ཡང་འཇུག་དང་བཅས་ཏེ་ཞུགས་པ་ན་དྲག་ཞན་གཉིས་ཀའི་ཆ་དང་ལྡན་པའི་ཕྱིར།མཚན་གཉིས་མ་ནིང་ཞེས་སུ་གྲགས་པ་ཡིན་ཏེ།དཔེར་ན།བསྒརད།བརྒལད།འཇལད།དོནད།དབེནད།འཛརད།བཞརད།ཟིནད།ཟུརད།འོོནད།གཡུལད།ཤརད།གསོལད།ལྟ་བུ་མིང་གཞི་མོ་ཡིག་དང་འཕྲད་པས་མོའི་ཆ་དང་ལྡན།ཡང་འཇུག་ཕོ་ཡིག་དང་འཕྲད་པས་ཕོའི་ཆ་དང་ལྡན་པས་མཚན་གཉིས་དང་།རྗེས་འཇུག་ཁོ་རང་མ་ནིང་ཡིན་པས་མཚན་གཉིས་མ་ནིང་ཞེས་བརྗོད་དོ།།མིང་གཞི་མ་ནིང་རྗེས་སུ་ནི།།ཡང་འཇུག་མེད་པར་ཞུགས་པ་ན།།དྲག་ཞན་གང་དུའང་མི་འགྱུར་བས།།མཚན་མེད་མ་ནིང་ཞེས་སུ་འདོད།།ཅེས་པ།མིང་གཞི་མ་ནིང་ཁ་ཆ་ཐ་ཕ་ཚ་ལྔའི་རྗེས་སུ་ནི་ཡང་འཇུག་མེད་པར་ཞུགས་པ་ན་དྲག་ཞན་གང་དུའང་མི་འགྱུར་ཏེ།དཔེར་ན།མཁན།འཁོར།ཁལ།ཆེན།འཆར།འཆལ།མཐུན།ཐུར།མཐོལ།ཕན།འཕུར།འཕེལ།ཚོན།ཚུར།འཚོལ།ལྟ་བུ་མིང་གཞི་དང་རྗེས་འཇུག་གཉིས་ཀ་མ་ནིང་ཡིན་ཅིང་ཕོ་མོའི་མཚན་མ་གང་ཡང་མེད་པས་མཚན་མེད་མ་ནིང་ཞེས་སུ་འདོད་དོ།།
གཉིས་པ་ནི།གཉིས་པ་དོན་ལ་གཉིས་ཡོད་པའི།།ཞེས་པ།གཉིས་པ་དོན་གྱི་འཇུག་ཚུལ་བཤད་པ་ལ་གཉིས།སྔ་མ་གང་ལྟར་འགྱུར་བ་བཤད་པ་དང་།ཕྱི་མ་གང་ལྟར་འགྱུར་བ་བཤད་པའོ།།
དང་པོ་ནི།སྔ་མ་གང་ལྟར་འགྱུར་བ་ནི།།རྗེས་འཇུག་གང་ལ་ཞུགས་པ་ཡི།།མིང་དེས་བདག་གཞན་སོགས་གང་སྟོན།།ཞེས་པ།རྗེས་འཇུག་དེ་རྣམས་གང་ལ་ཞུགས་པའི་མིང་དེ་ཉིད་མིང་མཐའ་སོགས་ལ་ལྟོས་ནས་སྔ་མར་གྲུབ་པ་ཡིན་པས་དེས་བདག་གཞན་སོགས་གང་དང་གང་སྟོན་པ་ནི།ཕལ་ཆེར་མིང་དེའི་སྔོན་འཇུག་གི།ནུས་པར་སྦྱར་ནས་རྟོགས་པར་བྱ།།ཞེས་པ།མིང་དེས་དོན་གང་སྟོན་པ་ཕལ་ཆེར་མིང་དེའི་སྔོན་འཇུག་ལྔ་ལས་གང་ཞིག་ཡིན་པ་དེའི་ནུས་པར་སྦྱར་ནས་བདག་གཞན་དུས་གསུམ་སོགས་གང་ཡིན་རྟོགས་པར་བྱ་དགོས་ཏེ།དཔེར་ན།རྗེས་འཇུག་ཕོ་བཞི་ཅི་རིགས་པར་དུས་འདས་པ་ལ་འཇུག་པ།བསྒྲིགས།བསྒྲུབས།བཀག།བཏབ།བཤད།བརྟས།ལྟ་བུ།བདག་ལ་འཇུག་པ་ནི།འགྲོགས་བྱེད།འདེབས་བྱེད།འགོག་བྱེད།སྒྲུབ་བྱེད།སྡུད་བྱེད།མཛེས་བྱེད།ལྟ་བུ་དང་།དེ་རྣམས་གཞན་ལ་འཇུག་པ་ནི།གདགས་བྱ།དགག་བྱ།བསྒྲུབ་བྱ།བརྗོད་བྱ།ལྟ་བུ་དང་།བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བར་འཇུག་པ་ནི།འཕགས་བཞིན་པ།འཇུག་བཞིན་པ།འགྲུབ་བཞིན་པ།འཁོད་བཞིན་པ།དགྱེས་བཞིན་པ།ལྟ་བུ་དང་།དུས་མ་འོངས་པར་འཇུག་པ་ནི།འབྱིད་པར་འགྱུར།འཇིབ་པར་འགྱུར།གཞུག་པར་འགྱུར།འཐོབ་པར་འགྱུར།འཆད་པར་འགྱུར།ལྟ་བུ་དང་།དེས་མཚོན་ནས་མོ་གཉིས་དང་མ་ནིང་གསུམ་ལ་ཡང་ཤེས་པར་བྱའོ།།མིང་རྐྱང་ཙམ་ནི།གདུགས།སྟོབས།བདག།གཡབ།ཚོད།དུས།ལྟ་བུ་དང་།ཞུགས་ཤིག།སྒྲུབས་ཤིག།ལྟ་བུ་སྐུལ་ཚིག་དང་།དེ་ལྟར་སྔོན་འཇུག་ལ་ལྟོས་པ་གཙོ་བོར་གསུངས་པའི་ཞར་ལ་སྔོན་འཇུག་མེད་ཀྱང་གོང་བཞིན་བདག་གཞན་སོགས་སྟོན་ནུས་པའང་ཤེས་དགོས་པ་ནི།རྟོགས་བྱེད།རྟོགས་ཟིན།རྩོམ་བྱེད།གླེང་བྱ།སྐོར་བཞིན་པ།སྟོན་པར་འགྱུར།སྐྱོབས་ཤིག།བྱས།ལྟ་བུ་དང་།ད་སའི་ཡང་འཇུག་གིས་འདས་པ་རང་དབང་དུ་སྟོན་པ།དཔེར་ན།གྱུརད།འདས།བྱས།གྲགས།ལྟ་བུའོ།།དེ་ལྟར་སའི་འཇུག་གསུམ་གྱིས་འདས་པ་དང་།འ་མཐའ་འདས་པ་ལ་གཏན་ནས་མི་འཇུག་པའི་ཁྱད་པར་ཙམ་ལས་གཞན་མ་འཇུག་ཡུལ་བདག་གཞན་སོགས་གང་ཡིན་ཚིག་གྲོགས་ཀྱིས་བསྒྱུར་བའི་ནུས་པར་ཤེས་དགོས་པ་ཡིན་ནོ།།
གཉིས་པ།ཕྱི་མ་ཇི་ལྟར་འགྱུར་བ་ནི།།ཞེས་པ།ཕྱི་མ་དག་གི་མིང་མཐའ་ཇི་ལྟར་འགྱུར་བ་རྣམ་དབྱེ་སོ་སོའི་ཐོབ་ཐང་ལ་དབྱེ་ན་བཞི་ལས།
དང་པོ་ནི།རྗེས་འཇུག་ཕོ་ཡིས་ཕོ་ཡིག་གི།མིང་མཐའ་གཞན་དྲང་།།ཞེས་པ།མིང་སྔ་མའི་མཐའི་རྗེས་འཇུག་རྟགས་གསུམ་གང་ཡིན་པ་དེའི་མིང་དེ་ཉིད་ཀྱི་ཆ་ནས་མཐར་སྦྱོར་དགོས་པའི་མིང་མཐའ་ཡིན་ན་རྟགས་མཐུན་པར་འདྲེན་པ་ཤས་ཆེ་བས་རྗེས་འཇུག་ཕོས་མིང་གཞི་ཕོའི་མིང་མཐའ་འདྲེན་པ།དཔེར་ན།རྟོག་པ།དཔྱིད་ཀ།ཐད་ཀ།གཉིས་ཀ།མཁྱེནད་པ།འབྱོརད་པ།དགོངས་པ།ལྟ་བུ།
གཉིས་པ།དེ་བཞིན་དུ།།མོ་ཡིས་མོ་ཡི་མིང་མཐའ་དྲང་།།ཞེས་པ།གོང་དུ་རྗེས་འཇུག་ཕོས་ཕོའི་མིང་མཐའ་དྲངས་པ་དེ་བཞིན་དུ་མོ་ཡིས་མོའི་མིང་མཐའ་དྲང་བར་བྱ་སྟེ།དཔེར་ན།གསིང་མ།ཐམ་ག།སྙིང་ག།དགའ་བ།ལྟ་བུ་དང་།
གསུམ་པ།མ་ནིང་གིས་ནི་མ་ནིང་དྲང་།།ཞེས་པ།རྗེས་འཇུག་མ་ནིང་གིས་མིང་གཞི་མ་ནིང་དྲང་བར་བྱ་སྟེ།དཔེར་ན།དགུན་ཁ།དབྱར་ཁ།སྤར་ཁ།འཕལ་ཁ།གསལ་ཁ།ལྟ་བུ་དང་།དེ་རྣམས་རྟགས་མཚུངས་འདྲེན་ཚུལ་ཏེ།།ཞེས་པ།གོང་གི་དེ་རྣམས་རྗེས་འཇུག་གི་རྟགས་དང་མིང་གཞིའི་རྟགས་རྟགས་མཚུངས་པར་འདྲེན་ཚུལ་ཡིན་ཏེ།ཞེས་པའོ།།
བཞི་པ།བརྗོད་བདེ་འདྲེན་པའང་ཤིན་ཏུ་མང་།།ཞེས་པ།གཙོ་ཆེ་བ་རྣམས་མིང་མཐའ་དང་མཐུན་པར་འདྲེན་ཚུལ་དེ་ལྟར་ཡིན་ཞིང་།དེ་བྱིངས་བརྗོད་པ་བདེ་བའི་ཆེད་དང་།འཇིག་རྟེན་པའི་ཉེར་སྤྱོད་དང་བསྟུན་དགོས་པ་སོགས་ཀྱིས་འདྲེན་ཚུལ་ཡང་ཤིན་ཏུ་མང་བར་འབྱུང་སྟེ་དེ་རྣམས་ཀྱང་བྱེ་བྲག་མ་འཛིངས་པར་རྟོགས་པར་བྱ་དགོས་ཏེ།དཔེར་ན།ཕོས་མོ་དྲངས་པ།ཐོག་མ།ལྟ་བུ་དང་།མོས་ཕོ་དྲངས་པ།ཁང་པ།ལྟ་བུ་དང་།མ་ནིང་གིས་མོ་དྲངས་པ།ཐལ་མོ།ལྟ་བུ་དང་།མ་ནིང་གིས་ཕོ་དྲངས་པ།ཆར་པ།ལྟ་བུ་མང་དུ་བྱུང་བ་ཤེས་དགོས་པར་མ་ཟད།གཞན་ཡང་བརྡ་རྙིང་ལ་རྟགས་མཚུངས་འདྲེན་པ་ཤིན་ཏུ་མང་ཡང་སྐད་གསར་བཅད་ཀྱི་ཞུ་དག་མང་བས་ནུབ་ཚུལ་གསུངས་པ་ལྟར་དཔེར་ན།བརྡ་རྙིང་རྟགས་མཚུངས་དྲངས་པ་ནི།བྲག་ཅ།དཀོན་ཅོག།རིན་ཅེན།ལྟ་བུ་ལ་བརྡ་གསར་ནི།བྲག་ཆ།དཀོན་མཆོག།རིན་ཆེན།ཞེས་པ་འདི་རྣམས་ཀྱང་རྟོགས་དགོས་པའི་གནད་དོ།།བརྗོད་བདེ་འདྲེན་ཚུལ་རྣམས་རྟགས་མ་མཐུན་ཀྱང་བརྗོད་བདེ་གཙོ་བོར་བྱས་ནས་སྒྲ་མཐུན་དྲངས་པ་ཡིན་པས་སུམ་རྟགས་གཉིས་ཀའི་དངོས་བསྟན་གྱི་དགོངས་པར་གནས་སོ།།
གཞན་ཡང་མིང་མཐའ་དེ་ཉིད་ཀྱིས།།རྟགས་མཚུངས་པའམ་སྒྲ་མཐུན་པའི།།རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས།།སྔ་མའི་ཤུགས་དང་མཐུན་པར་འདྲེན།ཞེས་པ།གོང་གི་མིང་མཐའ་འདྲེན་ཚུལ་སོགས་བཤད་ཟིན་པ་དེ་ལས།གཞན་ཡང་རྣམ་དབྱེ་དང་དེ་མིན་ཚིག་ཕྲད་འདྲེན་ཚུལ་ནི།བཤད་མ་ཐག་པའི་མིང་མཐའ་དེ་ཉིད་ཀྱི་སྔ་མའི་རྗེས་འཇུག་གི་ཤུགས་ཀྱིས་རྣམ་དབྱེ་སོགས་རྟགས་ཕན་ཚུན་མཚུངས་པའམ་བརྗོད་བདེའི་སྒྲ་མཐུན་པའི་རྣམ་དབྱེ་དང་པོ་ཆོས་རྣམས་ངོ་བོ་ཙམ་བརྗོད་པ།གཉིས་པ་ལས་སུ་བྱ་བ།གསུམ་པ་བྱེད་སྒྲ།བཞི་པ་དགོས་ཆེད།ལྔ་པ་འབྱུང་ཁུངས།དྲུག་པ་འབྲེལ་སྒྲ།བདུན་པ་རྟེན་གནས།བརྒྱད་པ་བོད་པའི་སྒྲ་བཅས་བརྒྱད་དང་།དངོས་སུ་བསྟན་པ་སླར་བསྡུ།སོགས་ཁོངས་ནས་ཐོན་པ་ལྷག་བཅས།འབྱེད་སྡུད།བསྣན་པ།བདག་སྒྲ།ཚིག་རྒྱན།ཚེ་སྐབས་སོགས་ཀྱང་མིང་སྔ་མའི་ཤུགས་དང་མཐུན་པ་ཕྱི་མ་འདྲེན་དགོས་སོ་ཞེས་པའོ།།དེ་དག་ནང་གསེས་གང་འཇུག་ནི།།རྣམ་དབྱེའམ་ཕྲད་བཅས་མིང་ཚིག་དེའི།།མཐར་སྦྱར་མིང་དོན་ལས་ཤེས་བྱ།།ཞེས་པ།བཤད་མ་ཐག་པ་དེ་དག་ནང་གསེས་གང་ལ་གང་འཇུག་པ་ནི།རྣམ་དབྱེའམ་དེ་མིན་ཚིག་ཕྲད་བཅས་མིང་ཚིག་རྣམས་དེའི་མཐར་སྦྱར་རྒྱུའི་མིང་དོན་འོག་མ་ལས་ལེགས་པར་ཤེས་པར་བྱའོ་ཞེས་པའོ།།
དེ་ཡང་ཆོས་རྣམས་ངོ་བོ་ཙམ།།བརྗོད་པ་རྣམ་དབྱེ་དང་པོ་སྟེ།།དཔེར་ན་བུམ་པ་ཀ་བ་བཞིན།།གསལ་བྱེད་བོད་ཀྱི་སྐད་ལ་ཉུང་།།ཞེས་པ།བཤད་མ་ཐག་པ་དེ་ཡང་ཆོས་རྣམས་ཀྱི་ངོ་བོ་ཙམ་བརྗོད་པ་རྣམ་དབྱེ་དང་པོ་ཡིན་ལ་དེའི་གསལ་བྱེད་ནི།དཔེར་ན།བུམ་པ།ཀ་བ།ལྷ་ལྟ་བུ།ངོ་བོ་ཙམ་བརྗོད་པ་ཉིད་དག་རྣམས་སོགས་ཡིན་ཡང་བོད་ཁ་བ་ཅན་པ་རྣམས་ཀྱི་སྐད་ལ་ཤིན་ཏུ་ཉུང་ངོ་།།ཞེས་པའོ།།
ལས་དང་བྱ་ཡུལ་དོན་གཅིག་སྟེ།།དེ་ལྟའི་བྱ་བའི་ཡུལ་ཞིག་ལ།།བྱ་བ་བྱས་པར་སྟོན་པ་ལ།།གཉིས་པ་ལས་སུ་བྱ་བ་དང་།།གཉིས་པའི་ནང་ཚན་དེ་ཉིད་དང་།།བཞི་པ་དགོས་ཆེད་གསུམ་འདྲ་ཡང་།།བྱ་བ་བྱས་པས་བྱ་བའི་ཡུལ།།དེ་འམ་དེ་དང་འབྲེལ་བ་ལ།།ཕན་ཐོགས་མེད་ན་གཉིས་པ་སྟེ།།དཔེར་ན་ཤར་དུ་འགྲོ་ལྟ་བུ།།ཞེས་པ།ལས་དང་བྱ་བའི་ཡུལ་དོན་གཅིག་སྟེ་དེ་ལྟ་བུའི་སྒོ་ནས་བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པར་སྟོན་པ་དེ་ལ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་།གཉིས་པའི་ནང་ཚན་དེ་ཉིད་དང་།བཞི་པ་དགོས་ཆེད་གསུམ་འདྲ་བར་སྣང་མོད།དེ་རྣམས་ཀྱི་དབྱེ་བ་གང་གིས་འབྱེད་ན།བྱ་བ་བྱས་པས་བྱ་བའི་ཡུལ་དེ་འམ་དེ་དང་འབྲེལ་བ་ལ་ཕན་ཐོགས་མེད་ན་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ཡིན་ཏེ།དཔེར་ན།ཤར་དུ་འགྲོ།ལྟ་བུའོ།།
ཕན་ཐོགས་ཡོད་ན་བཞི་པ་སྟེ།།དཔེར་ན་སློང་ལ་བྱིན་ལྟ་བུ།།ཞེས་པ།བྱ་བ་བྱས་པས་བྱ་བའི་ཡུལ་དེའམ་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་ཡོད་ན་རྣམ་དབྱེ་བཞི་པ་དགོས་ཆེད་ཡིན་ཏེ།དཔེར་ན།དགེ་སློང་ལ་སྦྱིན།སློང་མཁན་ལ་སྟེར།ཞིང་དུ་ཆུ་འདྲེན།ལྟ་བུའོ།།
ཕན་ཐོགས་མེད་ཀྱང་བྱ་ཡུལ་དང་།།བྱ་བ་ངོ་བོ་གཅིག་ཡིན་ན།།གཉིས་པའི་ནང་ཚན་དེ་ཉིད་དེ།།དཔེར་ན་ལྷ་རུ་གསལ་ལྟ་བུ།།ཞེས་པ།བྱ་བ་བྱས་པས་བྱ་བའི་ཡུལ་དེ་ལ་ཕན་ཐོགས་མེད་ཀྱང་བྱ་བའི་ཡུལ་དང་བྱ་བ་གཉིས་པོ་ངོ་བོ་གཅིག་ཡིན་ན་རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་ཡིན་ཏེ།དཔེར་ན།ལྷ་རུ་གསལ།འོད་དུ་འཚེར།ལྟ་བུའོ།།
གང་ཞིག་གང་ལ་བརྟེན་པ་འམ།།གནས་དང་ཡོད་པའི་དོན་ཙམ་ལས།།བྱ་བ་གཏན་ནས་མི་བྱེད་ན།།རྣམ་དབྱེ་བདུན་པ་གནས་གཞི་སྟེ།།དཔེར་ན་སྟེང་དུ་མི་ཡོད་ལྟར།།ཞེས་པ།ཆོས་གང་ཞིག་གཞི་གང་ལ་བརྟེན་པའམ་གནས་པའམ་ཡོད་པའི་དོན་སྟོན་པ་ཙམ་ལས་བྱ་བ་གཏན་ནས་མི་བྱེད་པ་ཡིན་ན་རྣམ་དབྱེ་བདུན་པ་གནས་གཞི་ཡིན་ཏེ།དཔེར་ན།སྟེང་དུ་མི་ཡོད།དབུས་སུ་ཇོ་བོ་བཞུགས།ལྟ་བུའོ།།
ཚེ་སྐབས་གཉིས་དང་དོན་འདྲ་ན།།བདུན་པའི་ནང་ཚན་ཚེ་སྐབས་ཏེ།།དཔེར་ན་མཆུ་ཟླ་ཤར་བ་ན།།ཆོ་འཕྲུལ་དུས་ཆེན་ཚུགས་ལྟ་བུ།།ཞེས་པ།ཚེ་དང་སྐབས་གཉིས་ཀྱི་དོན་དང་འདྲ་ན་རྣམ་དབྱེ་བདུན་པའི་ནང་ཚན་ཚེ་སྐབས་ཡིན་ཏེ།དཔེར་ན།ཧོར་ཟླ་དང་པོ་ཤར་བ་ན་ཆོ་འཕྲུལ་དུས་ཆེན་ཚུགས།ལྟ་བུའོ།།
རྣམ་དབྱེ་གཉིས་བཞི་བདུན་པ་དང་།།དེ་ཉིད་ཚེ་སྐབས་གསལ་བྱེད་སྒྲ།།སུ་རུ་ར་དུ་ན་ལ་ཏུ།།ཡིན་ཞིང་ཕལ་ཆེར་ལ་སྒྲ་དང་།།མཐུན་པས་ལ་དོན་རྣམ་དབྱེའང་ཟེར།།ཞེས་པ།རྣམ་དབྱེ་གཉིས་པ།བཞི་པ།བདུན་པ།གཉིས་པའི་ནང་ཚན་དེ་ཉིད།བདུན་པའི་ནང་ཚན་ཚེ་སྐབས་བཅས་ལྔ་པོ་འདི་རྣམས་ཀྱི་དོན་གསལ་བར་བྱེད་པའི་སྒྲ་ནི།སུ་དང་།རུ་དང་།ར་དང་།དུ་དང་།ན་དང་།ལ་དང་།ཏུ་བཅས་བདུན་པོ་འདི་རྣམས་ཡིན་ཞིང་།ཕལ་ཆེར་ལ་སྒྲ་དང་འཇུག་ཚུལ་མཐུན་པས་ན་ལ་དོན་དང་།ཚིག་གྲོགས་ཀྱི་དབང་གིས་རྣམ་དབྱེར་གྱུར་ཚེ་ལ་དོན་གྱི་རྣམ་དབྱེའང་ཟེར་རོ།།འཇུག་ཚུལ་མཐུན་ལུགས་ནི།དབུས་སུ་འགྲོ།དབུས་ལ་འགྲོ།ལྟ་བུ་མཐུན་པས་སོ།།
འོན་ཀྱང་ན་ལ་དེ་ཉིད་ལ།།མི་འཇུག་སྨྲ་བའི་སྒོ་ལས་གསུངས།།ཞེས་པ།འོན་ཀྱང་ན་ལ་གཉིས་ནི་རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་ལ་མི་འཇུག་པ་སྨྲ་སྒོ་མཚོན་ཆ་ལས་གསུངས་ཏེ།སྨྲ་སྒོ་ལས།དུ་ལ་སོགས་པ་ལ་དང་མཐུན།།དེ་ཉིད་དག་ནི་ལྷག་པ་ཡིན།།གསུངས་སོ།།འདིར་ཡང་ཕལ་ཆེར་ཞེས་མ་ངེས་པའི་ཚིག་སྨོས་པ་དཔེར་ན།ལྷ་ན་གསལ།འོད་ལ་འཚེར།ལྟ་བུ་སྦྱར་མི་རུང་བའི་དོན་ཏོ།།
རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས།།ཉེ་འགྱང་གང་དུ་བྱ་བ་ཞིག།བྱས་ན་གསུམ་པ་བྱེད་སྒྲ་སྟེ།།དཔེར་ན་བདག་གིས་བཤད་ལྟ་བུ།།ཞེས་པ།རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས་ཉེ་བ་དང་འགྱང་བ་གང་རིགས་སུ་བྱ་བ་ཞིག་བྱས་ན་རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ།དཔེར་ན།བདག་གིས་བཤད།མིག་གིས་ལྟ།ལྟ་བུ་ཉེ་བ་དང་།མིག་གིས་ཤེལ་རྩེའི་རྩེ་མོ་ནས་ཕྱོགས་ཐམས་ཅད་དུ་ཡང་དང་ཡང་དུ་ལེགས་པར་བལྟས་སོ།།ལྟ་བུ་འགྱང་བའོ།།
བྱ་བ་གཏན་ནས་མི་བྱེད་པར།།སྔ་ཕྱི་འབྲེལ་བྱེད་ཙམ་སྟོན་ན།།རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ།།དཔེར་ན་བདག་གི་མིག་ལྟ་བུ།།ཞེས་པ།ལས་སམ་བྱ་བའི་ཡུལ་ལ་བྱ་བ་གཏན་ནས་མི་བྱེད་པར་ཚིག་སྔ་མ་དང་ཕྱི་མ་འབྲེལ་བྱེད་ཙམ་སྟོན་ན་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཞེས་བྱ་སྟེ།དཔེར་ན།བདག་གི་མིག།ཁབ་ཀྱི་རྩེ།ལྟ་བུའོ།།
རྣམ་དབྱེ་དྲུག་གསུམ་གསལ་བྱེད་སྒྲ།།ས་མཐའ་ཡོད་དང་མེད་པ་ཡི།།གི་ཀྱི་གྱི་འི་ཡི་ལྔ་ཡིན།།ཞེས་པ།རྣམ་དབྱེ་དྲུག་པ་དང་གསུམ་པ་གཉིས་གསལ་བར་བྱེད་པའི་སྒྲ་ནི།ཚིག་གི་མཐའ་ན་ས་ཡོད་པ།གིས།ཀྱིས།གྱིས།འིས།ཡིས་དང་།ཚིག་གི་མཐའ་ན་ས་མེད་པ།གིཀྱི།གྱི།འི།ཡི་ལྔ་པོ་འདི་རྣམས་ཡིན་ནོ་ཞེས་པའོ།།
གང་ཞིག་གང་ལས་འབྱུང་བའམ།།བྱེ་དང་ལྷུང་བའི་དོན་ལྡན་ན།།རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཏེ།།དཔེར་ན་ཞལ་ནས་ཐོས་ལྟ་བུ།།གསལ་བྱེད་སྒྲ་ནི་ནས་ལས་ཏེ།།དགར་དང་སྡུད་པའང་ལྔ་པར་གཏོགས།།ཞེས་པ།ཆོས་གང་ཞིག་གཞི་གང་ལས་བྱུང་བའམ་བྱེ་བའམ་ལྷུང་བའི་དོན་དང་ལྡན་ན་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཞེས་བྱ་སྟེ།དཔེར་ན།ཞལ་ནས་ལེགས་བཤད་ཐོས།རྒྱ་མཚོ་ནས་ནོར་བུ་འབྱུང་།ལྟ་བུ་དང་།དེ་རྣམས་གསལ་བྱེད་ཀྱི་སྒྲ་ནི་ནས་ལས་གཉིས་ཡིན་ཅིང་།དེར་མ་ཟད་དགར་བ་དང་སྡུད་པ་གཉིས་ཀྱང་རྣམ་དབྱེ་ལྔ་པའི་ཁོངས་སུ་གཏོགས་ཏེ།དཔེར་ན།ལྷ་ཡི་ནང་ནས་བརྒྱ་སྦྱིན་མཆོག།ལྟ་བུ་དགར་བ་དང་།སྤྱི་གཙུག་ནས་རྐང་མཐིལ་བར།ལྟ་བུ་སྡུད་པའོ།།

གཞན་ཡང་ཚིག་དོན་གོང་འོག་ཏུ།།བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ།།དང་དང་ཀྱང་ཡང་འང་སོགས་སྦྱོར།།ཞེས་པ།གཞན་ཡང་ཚིག་གི་དོན་གོང་དང་འོག་གང་རིགས་སུ་བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ།དང་དང་།ཀྱང་དང་།ཡང་དང་།འང་སོགས་སྦྱོར་དགོས་ཏེ།དཔེར་ན།ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་ལྟ་བུ་སྡུད་པ་དང་།བསད་ཀྱང་ལང་།མགོ་ཡང་གུག།སྐྲའང་དཀར།ལྟ་བུའོ།།

རྣམ་གྲངས་དུ་མས་དོན་བསྐྱར་ན།།འབྱེད་སྡུད་སྒྲ་འཇུག།ཅེས་པ།རྣམ་གྲངས་དུ་མས་དོན་བསྐྱར་དགོས་ན་སྔ་མ་སྔ་མར་འབྱེད་སྡུད་ཀྱི་སྒྲ་འཇུག་སྟེ།དཔེར་ན།དོན་བསྐྱར་བ།འཆི་མེད་དམ།རྣམ་སད་དམ།མིག་མི་འཛུམ་ནི་ལྷའོ།།ལྟ་བུ་དང་།ཚིག་བསྐྱར་བ།པདྨ་དཀར་པོའམ་པདྨ་དཀར་པོ་ལྟ་བུའི་སེམས་དཔའ།ལྟ་བུ་དང་།ཚིག་དོན་གཉིས་ཀ་བསྐྱར་བ།བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ།།ལྟ་བུའོ།།
དགག་པ་དང་།།བདག་དོན་ཡོད་ན་ཐོག་མཐའ་རུ།།པ་སྡེའི་རྟགས་རྣམས་ཅི་རིགས་འཇུག།ཅེས་པ།པ་སྡེའི་ཁོངས་ནས་བྱུང་བའི་མ་ཡིག་ཐོག་མཐའ་བར་གསུམ་གང་དུ་ཞུགས་ཀྱང་དགག་པའམ་དགག་སྒྲ་ཡིན་ཏེ།མ་ཡིན།མི་འདུག།བདག་མིན།འདྲེ་མེད།མི་སྐྱ་མ་ཡིན།ག་མ་ས།ལྟ་བུ་དང་།པ་སྡེའི་ཁོངས་ནས་བྱུང་བའི་པ་དང་།བ་དང་།མ་སྟེ་ཕོ་མོ་མ་ནིང་རྟགས་རྣམས་ཅི་རིགས་སྟོན་པའི་བདག་སྒྲ་མིང་གཞིའི་མཐའ་རུ་ཞུགས་ན་བདག་པོའི་དོན་གསལ་བར་བྱེད་པ་ཡིན་ཏེ།དཔེར་ན།རྟ་པ།ནང་མ།ལྷ་རྩེ་བ།ལྟ་བུའོ།།
རྒྱན་དུ་གྱུར་པའི་ཚིག་ཕྲད་ཀྱང་།།དོན་ལ་བསྙེགས་ས་ཡོད་ན་སྦྱོར།།ཞེས་པ།རྒྱན་དུ་གྱུར་པའི་ཚིག་གི་འཕྲད་རྣམས་ཀྱང་དོན་ལ་བསྙེགས་ས་སྟེ་སྦྱོར་ས་ཡོད་ན་སྦྱོར་དགོས་ཏེ།དཔེར་ན།མཛེས་ཀྱང་མཛེས།བཏུད་ཀྱང་ཁྲོ་ལྟ་བུ་དང་།མི་དགོས་པར་སྦྱོར་མི་རིགས་སོ།།
དེ་བཞིན་བསྟན་བྱ་ལྷག་ཡོད་ན།།ལྷག་བཅས་སྒྲ་སྦྱོར།ཞེས་པ།བཤད་མ་ཐག་པའི་ཚིག་རྒྱན་གྱི་སྦྱོར་ཚུལ་དེ་བཞིན་དུ་བསྟན་བྱ་ལྷག་མ་ཡོད་ན་ལྷག་བཅས་ཀྱི་སྒྲ་སྦྱོར་དགོས་ཏེ།དཔེར་ན།དོན་རྟོགས་ཏེ་ཉམས་སུ་བླངས།ལྟ་བུའོ།།
ཚིག་དོན་ནི།།རྫོགས་ན་སླར་བསྡུའི་སྒྲ་རྣམས་སྦྱོར།།ཞེས་པ།གང་བརྗོད་རྒྱུའི་ཚིག་དོན་ནི་རྫོགས་ན་སླར་བསྡུའི་སྒྲ་རྣམས་སྦྱོར་དགོས་ཏེ།དཔེར་ན།མཆོག་གོ།བཟང་ངོ་།།ལྟ་བུའོ།།
རྗེས་འཇུག་གི་དགོས་པ་བསྟན་པ་ནི།དགོས་པ་ཅི་ཕྱིར་འཇུག་ཅེ་ན།།མོ་ཡིག་དབྱངས་དང་མི་ལྡན་ན།།ཕོ་ཡིག་གསལ་བྱེད་བརྗོད་མི་ནུས།།ཞེས་པ།རྗེས་འཇུག་གི་ཡི་གེ་རྣམས་དགོས་པ་ཅི་ཕྱིར་འཇུག་པར་བྱེད་ཅེ་ན།མོའི་ཡི་གེ་དབྱངས་ཡིག་རྣམས་དང་མི་ལྡན་ན།ཕོ་ཡིག་གསལ་བྱེད་རྣམས་བརྗོད་མི་ནུས་པ་ཡིན་ནོ་ཞེས་པའོ།།
དེ་ཕྱིར་དབྱངས་ལྔར་བཞེད་པ་བདེ།།ཕོ་ཡིག་དབྱངས་ལྡན་དེ་དག་ལའང་།།རྗེས་འཇུག་བཅུ་པོ་མ་ཞུགས་ན།།དོན་གྱི་ངོ་བོ་ཙམ་སྟོན་པའི།།མིང་དང་དོན་གྱི་ཁྱད་པར་རྣམས།།སྟོན་པའི་ཚིག་དང་དོན་ལྡན་པའི།།ངག་གི་བརྗོད་པ་ཡོད་མིན་ཏེ།།ཡི་གེའི་ཁོངས་ནས་མིང་དབྱུང་ཞིང་།།མིང་གི་ཁོངས་ནས་ཚིག་ཕྱུང་ནས།།ཚིག་གིས་དོན་རྣམས་སྟོན་པས་སོ།།ཞེས་པ།རྒྱུ་མཚན་དེའི་ཕྱིར་དབྱངས་ཡིག་དངོས་བསྟན་བཞི་དང་ཤུགས་བསྟན་ཨ་བཅས་ལྔར་བཞེད་པ་བདེ་བར་མ་ཟད་ཕོའི་ཡི་གེ་ཀ་སོགས་ལ་དབྱངས་སམ་གི་གུ་སོགས་དང་ལྡན་པ་དེ་དག་ལའང་རྗེས་འཇུག་གི་ཡི་གེ་བཅུ་པོ་གང་རུང་ཞིག་མ་ཞུགས་ན་དོན་གྱི་ངོ་བོ་སྟོན་པའི་མིང་དང་།དོན་གྱི་ཁྱད་པར་སྟོན་པའི་ཚིག་དང་།བརྗོད་བྱའི་དོན་དང་ལྡན་པའི་ངག་གི་བརྗོད་པ་གང་ཡང་ཡོད་མིན་ཏེ།ཡི་གེའི་ཁོངས་སམ་ནང་ནས་མིང་དབྱུང་བ་སྟེ་བྱུང་ཞིང་།མིང་གི་ཁོངས་ནས་ཚིག་རྣམས་ཕྱུང་ནས་ཚིག་གིས་དོན་རྣམས་མ་འདྲེས་པར་སོ་སོར་སྟོན་པར་ནུས་པས་སོ་ཞེས་པའོ།།
མིང་ཚིག་བརྗོད་པ་མེད་ན་ནི།།མཐུན་མོང་མཐུན་མོང་མ་ཡིན་པའི།།ཤེས་བྱ་སྟོན་པའང་མེད་པར་འགྱུར།།ཞེས་པ།མིང་དང་ཚིག་གི་བརྗོད་པ་མེད་ན་ནི་ཕྱི་རོལ་པ་དང་མཐུན་མོང་པའི་སྙན་དངགས་ལ་སོགས་པའི་རིག་བྱེད་རྣམས་དང་།མཐུན་མོང་མ་ཡིན་པ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་སྔགས་ཀྱི་བཀའ་བསྟན་བཅོས་རྣམས་ཀྱི་གཞུང་དོན་ལ་ཤེས་པར་བྱ་བའི་ཡུལ་སྟོན་པའང་མེད་པར་འགྱུར་རོ།།ཞེས་པའོ།།
དེ་ཕྱིར་འཕགས་ཡུལ་མཁས་རྣམས་ཀྱི།།རྗེས་སུ་འབྲངས་ནས་གསུངས་པ་འདི།།སྐྱེ་བོ་ཀུན་གྱིས་རྟོགས་གྱུར་ཅིག།ཅེས་པ།དགོས་པ་དེའི་ཕྱིར་ན་རྒྱ་གར་འཕགས་ཡུལ་དུ་བྱོན་པའི་མཁས་པ་ཆེན་པོ་བྲམ་ཟེ་ལི་བི་ཀ་ར་ལ་སོགས་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་ཐོན་མི་ཉིད་ཀྱི་བརྩེ་བས་ཀུན་ནས་བསླངས་ཏེ་གསུངས་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་འདི་གཉིས་ཀྱི་དགོངས་དོན་རྣམས་ཕྱིན་ཅི་མ་ལོག་པར་གངས་ཅན་གྱི་སྐྱེ་བོ་ཀུན་གྱིས་བདེ་བླག་ཏུ་རྟོགས་པར་གྱུར་ཅིག་ཅེས་ཐུགས་སྨོན་མཛད་པའོ།།
ཚིག་གི་སྒྲ་ཙམ་འདྲ་ན་ཡང་།།དོན་ལ་ཁྱད་པར་ཤིན་ཏུ་ཆེ།།དེ་ཕྱིར་བརྡ་དག་ལ་བརྟེན་ནས།།མ་ནོར་དོན་རྣམས་འཚོལ་བ་གཅེས།།ཞེས་པ།མིང་ཕན་ཚུན་ཚིག་གི་སྒྲ་ཙམ་འདྲ་བར་སྣང་ཡང་དོན་ལ་ཁྱད་པར་ཤིན་ཏུ་ཆེ་བ་ཡོད་དེ།དཔེར་ན།གྲི་ལྟ་བུར་མཚོན་ན།ག་གྲི།ད་དྲི།བ་བྲི།སོགས་ཕན་ཚུན་མིང་གཞིའི་སྒྲ་ཙམ་འདྲ་ན་ཡང་སོ་སོར་འབྱེད་ན་མཚོན་གྱི་རལ་གྲི་ལ་ག་གྲི།སྣ་ལ་བསྣམ་བྱའི་དྲི་ལ་ད་དྲི།རི་མོ་བྲི་ལ་བ་བྲི་སོགས་ཁྱད་པར་ཤིན་ཏུ་ཆེ་སྟེ།དེ་ཡང་སྔོན་རྒྱལ་པོ་ཝང་དང་།གུང་གཉིས་མི་མཐུན་པའི་གཞི་ཡི་གེ་འབྲི་བ་པོས་ད་དྲི་ག་གྲི་ནོར་འཁྲུལ་བྱུང་རྐྱེན་གྱིས་འཐབ་རྩོད་བྱུང་བའི་ལོ་རྒྱུས་ཀྱང་གསུངས་སོ།།རྒྱུ་མཚན་དེའི་ཕྱིར་བཤེས་གཉེན་དམ་པའི་ཞབས་པད་བསྟེན་ནས་བརྡ་དག་པར་བྱེད་པའི་བརྡ་སྤྲོད་ཀྱི་གཞུང་རྣམས་ལ་བརྟེན་ནས་སྦྱངས་སྟོབས་ཕུལ་ཕྱིན་གྱིས་མིང་ཚིག་རྣམས་ཀྱི་དབྱེ་བ་མ་ནོར་བར་བྱས་ནས་དོན་རྣམས་འཚོལ་བ་སྙིང་གི་དབུས་སུ་གཅེས་པར་གཟུང་དགོས་སོ།།ཞེས་པའོ།།
དོན་ལ་མི་རྨོངས་རྨོངས་པ་ཡང་།།ལུགས་འདིར་མཁས་མིན་གྱིས་བྱེད་དེ།།སྒྲ་ཤེས་དོན་ལ་མི་རྨོངས་ཞེས།།མཁས་པའི་གསུང་ལ་ཡོངས་སུ་གྲགས།།ཞེས་པ།དེ་ལྟར་བརྡ་དག་གི་གཞུང་ལ་ཐོས་བསམ་གྱི་སྒོ་ནས་ཞུགས་ན་རྒྱལ་བའི་གསུང་རབ་དང་དགོངས་འགྲེལ་རྒྱ་བོད་མཁས་གྲུབ་ཀྱི་གཞུང་དོན་རྣམས་ཀྱི་དགོངས་པ་འབྱེད་པ་ལ་མི་རྨོངས་པའི་བློ་གྲོས་མཆོག་ཏུ་རྒྱས་ནས་མཁས་པ་ཆེན་པོར་འགྱུར་ཞིང་།བརྡ་དག་གཞུང་ལ་ཐོས་བསམ་གྱིས་མ་ཞུགས་ན་བཀའ་དང་དགོངས་འགྲེལ་མ་ཟད་ཐ་ན་སྲིད་ཀྱི་བྱ་བཞག་གི་དོན་ལའང་མི་ཤེས་པའི་རྨོངས་པར་འགྱུར་བ་སྟེ།དེ་ལྟར་རྨོངས་མི་རྨོངས་ཀྱང་རྩ་བ་བརྡ་སྤྲོད་ཀྱི་གཞུང་སུམ་རྟགས་གཉིས་པོ་འདིར་མཁས་མི་མཁས་ཀྱིས་བྱེད་དེ་བོད་དུ་སྒྲ་སུམ་རྟགས་ཡིན་ཞིང་།སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་ལ་ཡང་ཡོངས་སུ་གྲགས་པ་ཡིན་ནོ་ཞེས་པའོ།།
འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས།།འཆད་རྩོད་རྩོམ་པའི་གྲྭར་འཇུག་པ།།ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན།།ནམ་ཞིག་རྗེས་ངན་གསལ་བར་འགྱུར།།ཞེས་པ།བརྡ་དག་གི་གཞུང་ལུགས་ཀུན་གྱི་མ་ཕྱིར་གྱུར་པ་སུམ་རྟགས་འདི་ལ་མ་སྦྱངས་པའམ་མ་བསླབ་པར་རྨོངས་ཚོད་སྤྱི་བརྟོལ་གྱིས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་གཞན་ལ་འཆད་པ་དང་།ཕ་རོལ་པོ་དང་རྩོད་པ་བྱེད་པ་དང་།རང་གིས་རྩོམ་པ་སོགས་མཁས་པའི་བགྱི་བ་གསུམ་གྱི་གྲྭར་རམ་གྲས་སུ་འཇུག་པར་བྱེད་པ་དེ་ནི།དཔེར་ན་ཝ་སྐྱེས་སེང་གེའི་པགས་པ་གྱོན་པ་དེ་གནས་སྐབས་སེང་གེ་ལྟ་བུར་མངོན་ནའང་དུས་ནམ་ཞིག་གི་ཚེ་ཝའི་གཟུགས་བརྙན་གསལ་བར་མཐོང་བའི་རྗེས་ངན་སྟོན་པ་དེ་བཞིན་དུ་སྐབས་དེར་འཆད་རྩོད་སོགས་གྲྭར་ཞུགས་ཀྱང་ནམ་ཞིག་མ་སྦྱངས་པའི་རྗེས་ངན་རྣམས་གསལ་བར་སྟོན་པར་འགྱུར་རོ་ཞེས་པའོ།།
དེ་ཕྱིར་བློ་གསལ་དོན་གཉེར་རྣམས།།རྟགས་འཇུག་དཀའ་གནད་གཟུགས་བརྙན་ཀུན།།གསལ་བར་འཆར་བའི་མེ་ལོང་འདིར།།ལ་འུར་གཟིགས་མོར་སྤྱོན་དང་ཀྱེ།།ཞེས་པ།རྒྱུ་མཚན་དེའི་ཕྱིར་བློ་གསལ་ཐོས་བསམ་གྱི་དོན་གཉེར་དང་ལྡན་པ་རྣམས་རྟགས་འཇུག་གི་དཀའ་གནད་དམ་དོན་རྟོགས་དཀའ་ཞིང་གནད་ཆེ་བ་རྣམས་ཀྱི་གཟུགས་བརྙན་ཀུན་མ་འདྲེས་པར་གསལ་བར་འཆར་བའི་མེ་ལོང་འདི་ཉིད་ཀྱི་ངོས་ལ་ལ་འུར་ཏེ་མགྱོགས་པར་གཟིགས་མོ་འམ་ལྟད་མོ་ལྟ་བར་སྤྱོན་དང་ཀྱེ་ཞེས་བོས་པ་ནི་ད་ལྟ་འདིར་བྱོན་ཅིག་བློ་གསལ་རྣམས།ཞེས་པའོ།།
འདི་ལ་ནོངས་པའི་ཚོགས་མཆིས་ན།།གཟུར་གནས་མཁས་པའི་སྤྱན་སྔར་འཆགས།།ཞེས་པ།རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་འདི་ལ་ནོར་འཁྲུལ་གྱི་ནོངས་པ་སྟེ་ཉེས་པའི་ཚོགས་མཆིས་ན།གཟུར་གནས་སམ་དྲང་པོར་གནས་པའི་མཁས་པ་ཀུན་གྱི་སྤྱན་སྔར་མཐོལ་ལོ་འཆགས་སམ་བཤགས་སོ།།ཞེས་པའོ།།
ཅུང་ཟད་འབད་ལས་ཐོབ་པའི་དགེས།།ཀུན་གྱིས་འདི་དོན་རྟོགས་པར་ཤོག།ཅེས་པ།དབྱངས་ཅན་གྲུབ་པའི་རྡོ་རྗེ་བདག་གིས་རྟགས་འཇུག་གཞུང་འདི་ཉིད་བསྐྲུན་པའི་ངལ་བ་ཅུང་ཟད་འབད་ལས་ཐོབ་པའི་དགེ་བ་དེས་གངས་ཅན་འགྲོ་བ་ཀུན་གྱིས་འདིའི་དོན་ལེགས་པར་རྟོགས་ནས་འཆད་རྩོད་རྩོམ་གསུམ་ལ་སོགས་པའི་སྒོ་ནས་རང་གཞན་གྱི་དོན་རྣམས་མཐར་ཕྱིན་པར་བྱེད་ནུས་པར་ཤོག་ཅིག།ཅེས་བསྔོ་སྨོན་མཛད་དོ།།
འདིར་སྨྲས་པ།ཐུ་མིའི་ཐུགས་བསྐྱེད་ཆུ་གཏེར་བསྲུབས་པ་ལས།།འོངས་པའི་སུམ་རྟགས་དགོས་འདོད་ནོར་གྱི་དབྱིག།ཕན་བདེའི་འོད་འབར་སྣང་བའི་དཔལ་ཡོན་ཅན།།འདི་ཀོ་སྔོན་བྱོན་མཁས་རྣམས་མིག་བཞིན་གཅེས།།དེ་ཕྱིར་གཞུང་འགྲེལ་ནམ་མཁའི་སྐར་ཚོགས་བཞིན།།རང་རང་ཁྱེར་སོའི་འཕྲོ་འདུ་མཁས་པའི་དབུས།།སྐལ་བཟང་ཀུནྡའི་འཛུམ་པ་ལྷུག་པོ་རུ།།འགྲོལ་ནུས་དངུལ་ཆུའི་ལེགས་བཤད་ཟླ་སྣང་མཆོག།ཨེ་མ་བརྡ་དག་གཞུང་ལུགས་རྒྱ་མཚོའི་མཐའ།།བྱིས་བློའི་མིག་གི་སྤྱོད་ཡུལ་ག་ལ་ཞིག།དེ་སླད་འདི་ལ་ནོངས་པའི་ཚོགས་མཆིས་ན།།གཟུར་གནས་མཁས་ལ་འཆགས་སོ་བྱི་དོར་མཛོད།།ཅུང་ཟད་འབད་ལས་ཐོབ་པའི་དགེ་བའི་ཆ།།ཁ་བ་དུང་དང་པད་རྩ་འོ་མཚོ་ལྟར།།དཀར་བ་གང་དེས་ལུང་རྟོགས་དམ་པའི་ཆོས།།རང་གཞན་རྒྱུད་ལ་མཆོག་ཏུ་རྒྱས་གྱུར་ཅིག།ཅེས་པ་འདི་ཡང་རང་སློབ་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས་ཀྱིས་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་པ་ཕལ་ཚིག་གོ་བདེ་བ་ཞིག་དགོས་ཞེས་ནན་གྱིས་བསྐུལ་བར།རང་ངོས་ནས་འདི་ལྟར་སྨྲ་བའི་སྤོབས་པ་རྡུལ་ཕྲན་ཙམ་མ་མཆིས་ཀྱང་སྐུལ་བ་པོའི་གསུང་ངོ་མ་ལྡོག་པར་སྤྱི་བརྟོལ་བསྐྱེད་ནས་བྷིཀྵུ་དཀའ་ཆེན་པདྨས་སྐྱེས་བུའི་དོན་གྲུབ་འབྲས་བུ་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་མཇུག་གྲུབ་པར་བགྱིས་པའོ།།།།

ཨོཾ་སྭསྟི་སིདྡྷི་རསྟུ།དེང་འདིར་གསུང་རབ་རིན་ཆེན་འཕྲུལ་པར་དུ།།བཞེངས་དགེས་ལེགས་བྱས་འདིས་མཚོན་དུས་གསུམ་དུ།།བགྱིས་པའི་དགེ་ཚོགས་དྲི་མ་མེད་པ་རྣམས།།གཅིག་ཏུ་བསྡོམས་ཏེ་མཐུན་རྐྱེན་སྒྲུབ་རྣམས་དང་།།བསྟན་པའི་སྦྱིན་བདག་ཚེ་རིང་འབྱོར་ལྡན་ཞིང་།།མ་གྱུར་ནམ་མཁའི་མཐའ་མཉམ་འགྲོ་བ་ཀུན།།སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ཏེ།།བླ་མེད་རྣམ་གྲོལ་ཐོབ་པའི་རྒྱུ་རུ་བསྔོ།།བསྟན་འཛིན་དམ་པ་གང་ན་སུ་བཞུགས་རྣམས།།སྐུ་ཚེའི་རྐྱེན་གེགས་ཐ་དག་རབ་ཞི་ནས།།བསྟན་འགྲོའི་དོན་ཆེན་བླ་མེད་མཛད་བཞིན་དུ།།དམ་ཆོས་བདུད་རྩིའི་སྦྲང་ཆར་འབེབས་གྱུར་ཅིག།ཡངས་པའི་རྒྱལ་ཁམས་ཀུན་ཏུ་ལོ་ལེགས་ཤིང་།།ནད་མུག་འཁྲུག་རྩོད་ཐམས་ཅད་ཞི་བ་དང་།།མི་མཐུན་རྒུད་པའི་མིང་ཡང་མི་གྲགས་པར།།རྫོགས་ལྡན་དང་པོའི་ལང་ཚོ་འཆར་བར་ཤོག།དེའི་མཐུས་ཁ་བ་རིས་པའི་སྐྱེ་དགུའི་ཡིད།།རྣམ་དཀར་དགེ་བའི་ལས་ལ་ཕྱོགས་པ་དང་།།མཐུན་རྐྱེན་ལེགས་ཚོགས་གོང་ནས་གོང་འཕེལ་ཏེ།།དམ་ཆོས་འཛིན་པའི་སྣོད་དུ་རུང་བར་ཤོག།འཇིག་རྟེན་དབང་ཕྱུག་ཕྱག་ན་པདྨོ་ཡི།།ཞབས་པད་བྷོ་ཊའི་ལྗོངས་འདིར་མྱུར་བཀོད་དེ།།ཞི་བསིལ་ཆོས་ཀྱི་བདུད་རྩིའི་ཟིལ་མངར་རོར།།ལོངས་སུ་སྤྱོད་པའི་སྐལ་བཟང་མྱུར་འཆར་ཤོག།ཁྱད་པར་བསྟན་པའི་སྙིང་པོ་སྒྲུབ་བརྒྱུད་ཀྱི།།རིང་ལུགས་དྲི་མེད་ས་ཆེན་ཡོངས་ཁྱབ་སྟེ།།བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས།།སྐུ་ཚེ་མི་འགྱུར་ཚེ་ལྷའི་ངོ་བོར་བརྟན།།ཕྲིན་ལས་མི་ཟད་ཉི་ཟླའི་འོད་དང་སྡེབ།།འདུས་ཚོགས་དགེ་འདུན་བགྲང་ཡས་རྒྱུ་སྐར་ལ།།ཟབ་རྒྱས་ཆོས་ཀྱི་གྲུ་ཆར་འབེབས་པར་ཤོག།ལྷ་རྣམས་མཁའ་ལ་ཤིས་པའི་གླུ་དབྱངས་ལེན།།འགྲོ་རྣམས་བདེ་ཞིང་སྐྱིད་པའི་ཡུན་དུ་འཚོ།།ཀླུ་རྣམས་དགའ་བས་ནོར་འཛིན་དབྱིག་གིས་བཀང་།།མཐར་ཐུག་སངས་རྒྱས་ཡེ་ཤེས་ཐོབ་པར་ཤོག།ཅེས་པའང་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་བཅུ་གསུམ་སྟེང་།འོག་མིན་མཚུར་ཕུའི་གདན་སར་ལྗགས་རྩོམ་གནང་བའི་རྟེན་གསུམ་གསར་བཞེངས་ཀྱི་དགེ་བསྔོའི་སྨོན་ཚིག་བྱིན་རླབས་ཅན་ནོ།།།།

བརྒྱུད་སྐུལ།

མཆན་སྤེལ།