བརྡ་གསར་རྙིང་གི་རྣམ་གཞག་ལེགས་པར་སྟོན་པ་གསར་བུའི་ཉེར་མཁོ་ཞེས་བྱ་བ་བཞུགས་སོ།།

༄༅། །བརྡ་གསར་རྙིང་གི་རྣམ་གཞག་ལེགས་པར་སྟོན་པ་གསར་བུའི་ཉེར་མཁོ་ཞེས་བྱ་བ་བཞུགས་སོ།།

རྗེ་དྲུང་ལྷུན་གྲུབ་བློ་ལྡན།

༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།

ངག་གི་དབང་ཕྱུག་རྒྱལ་ཀུན་གསང་གསུམ་གྱི། །

ཡོན་ཏན་མ་ལུས་བསྡུས་པའི་རང་གཟུགས་དངོས། །

སྲིད་འདིར་མཉམ་ཟླ་མེད་པའི་བཀའ་དྲིན་ཅན། །

རྗེ་བཙུན་བླ་མའི་ཞབས་རྡུལ་སྤྱི་བོས་བསྟེན། །

སྒྲིབ་བྲལ་མཁྱེན་བརྩེའི་ཡེ་ཤེས་སྒྱུ་མའི་འཕྲུལ། །

སྣང་སྟོང་མཚན་དཔེའི་ལང་ཚོར་སྒེག་པའི་ལྷ། །

འཇམ་དབྱངས་དབྱངས་ཅན་དགྱེས་དགུར་རྩེན་པའི་གར། །

སྙིང་མགྲིན་འཁོར་ལོའི་ལྟེ་བར་བསྒྱུར་བར་མཛོད། །

བཀའ་དང་དགོངས་འགྲེལ་གཞུང་ལུགས་རབ་འབྱམས་ཀྱི། །

དགོངས་དོན་འཚོལ་ཞིང་ཉམས་སུ་ལེན་པ་ལ། །

ཉེ་བར་མཁོ་ཕྱིར་གསར་རྙིང་བརྡ་ཡིག་གི །

རྣམ་གཞག་ཀཱ་ལིའི་རིམ་པར་དགོད་པར་བྱ། །

དེ་ལ་གསལ་བྱེད་རྐྱང་པ་དང༌། །

སོ་སོའི་འཕུལ་དང་མགོ་ཅན་སོགས། །

དག་ཡིག་མཁས་པའི་ངག་སྒྲོན་མའི། །

གོ་རིམ་བཞིན་དུ་བསྟར་བ་ལ། །

༼ཀ༽

ཀྭ་ཡེ་ཀྱེ་ཧོ་བོད་པའི་བརྡ། །ཀ་དག་གདོད་མ་ཀ་ཅ་ནོར། །ཀ་ཤ་རྩྭ་འམ་ས་སྐྱེས་དང༌། །ཀུ་ཤ་ངན་སེལ་ལམ་སར་ཉལ། །ཀ་བེད་ཤིང་ཐོག་ཁོང་སྟོང་སྟེ། །དེ་རིགས་(མོ་རིགས་)ཆུང་བར་བིལ་པ་དང༌། །ཆེ་(ཕོ་རིགས་)བར་ཆག་ཚང་ཀུ་བ་ཟེར། །ཀ་ཤི་ཀ་ནི་གསལ་ལྡན་ཏེ། །གྲོང་ཁྱེར་ཝཱ་ར་ཎཱ་སི་དང༌། །ཀ་ལན་ཏ་ཀ་མཆིལ་བ་སྟེ། །ཁྱིམ་ནང་འཁོར་བའི་བྱེའུའི་མིང༌། །ཀརྴ་(དངུལ་ཞོ་གང་ལས་བྱས་པའི་ཊཾ་ཀའོ)པ་ན་ཞོའི་དོང་རྩེ། ། ཀ་མ་ལ་ནི་ཆུའི་རྒྱན་ཏེ། །མེ་ཏོག་པདྨའི་མིང་ཉིད་དང༌། །ཀ་ར་ཝཱི་ར་གསོད་རྟགས་ཀྱི། །མེ་ཏོག་ཉིད་དེ་རེའུ་ལྕག་པ། །ཀོས་ཀོ་(ཀོ་སྐོ་དང་ཀོས་སྐོ་ཡང་)ཨོག་མ་ཀན་གུང་མཛུབ། །ཀུ་རེ་རྩེད་མོ་ཀྱལ་ཀ་ནི། །རྩེད་མོའི་ཚིག་དང་ཀུ་ཅོ་ཡང༌། །ཅ་ཅོའམ་མི་མང་ཚོགས་པའི་སྐད། །ཀ་དམྦ་ནི་ཚོགས་ཅན་ཏེ། །ཤིང་དང་ཆུ་སྐྱར་སོགས་ལ་འཇུག །ཀེ་ཏ་ཀ་ནི་ཆུ་དྭངས་བྱེད། །ནོར་བུ་དང་ནི་ཤིང་འབྲས་དང༌། །རི་བྱིའི་ཁང་པ་ལ་ཡང་གྲགས། །ཀ་རུ་དཀར་པོ་ཀོག་རྩེ་ནི། །རྒྱ་འམ་རྙི་དང་རྙོང་གི་མིང༌། །ཀུན་དོང་བཙོང་ངམ་སྒོག་པ་དང༌།། ཀེའུ་འམ་ཀི་འུ་རི་སྒོག་མིང༌། །ཀ་མེད་ཐབས་མེད་ཀུ་ཡངས་ནི། །བག་ཡངས་ཀུན་དཀྲིས་(དཀྲིགས་ཀྱང་)ཉོན་མོངས་མིང༌། །ཀེའུ་ཚང་བྲག་ཕུག་ཀེང་རུས་ནི། །རུས་སྒྲོམ་ཀངྐ་དུར་གྱི་བྱ། །ཀུ་ཡ་དྲི་ཆུའི་སྤྲིས་མ་དང༌། །ཀི་ཀང་གཟའ་མཆོག་ར་ཧུ་ལའི། །བྱ་རོག་མགོ་དང་ས་བདག་ཅིག །ཀོ་པ་གཅན་གཟན་འཕར་བ་དང༌། །ཀྱོ་དང་ཀྱོ་རང་ལྕགས་ཀྱུའི་མིང༌། །ཀླག་ཅོར་ཅ་ཅོ་ཀླད་ནི་གོང༌། །ཀླད་ཀོར་(ཨོཾ་ལྟ་བུའི་ཀླད་ཀོར་ལ་སྒྲའི་གཞུང་ལས་རྗེས་སུ་ང་རོར་བཤད་དོ)ང་རོ་ཀོག་གིས་ལང༌། །ཧར་གྱིས་ལང་དང་ཀུ་ས་ལི། །ཕྱི་ཡི་སྤྲོས་པ་ཀུན་བཅད་ནས། །ནང་ལ་མཆོག་ཏུ་གཞོལ་བ་དང༌། །ཡང་ན་དགེ་བ་ཅན་ཞེས་བྱ། །ཀྱེ་མ་ཀྱེ་ཧུད་སྨད་པ་དང༌། །སྙིང་རྗེ་ཉམ་ཐག་སོགས་ཀྱི་ཚིག །ཀྲིག་ཀྲིག་ནན་ནན་ཀྲུ་ཀྲུ་ཏྲེས། །ཙི་ཏྲ་ཀ་སྟེ་སླེ་ཏྲེས་(མངོན་བརྗོད་ཀྱི་གཞུང་ལས་ཙི་ཏྲ་ཀ་དང་སླེ་ཏྲེས་ཀྱི་མིང་སོ་སོར་བཤད་དོ)མིང༌། །ཀླན་ཀ་བསྙད་འཚོལ་ཀླབ་པའམ། །ཀླམ་པ་ལྭ་བ་མཐུག་པོའི་མིང༌། །ཀློང་དུ་གྱུར་ནི་དབང་དུ་གྱུར། །ཀླུབས་ནི་ཕུབ་པའམ་གྱོན་པ་སྟེ། །ཀླས་ནི་བུད་མེད་སྡོད་ས་དང༌། །ཀློང་ཡངས་ཁོང་ཡངས་ཀ་རྐྱང་ངོ༌། །

དཀའ་རུག་ལག་གཡོར་དཀོར་ནི་ནོར། །དཀུ་ནི་ལུས་ཀྱི་སྟ་ཟུར་དང༌། །དྲི་མི་ཞིམ་པ་ལ་ཡང་ངོ༌༑ ༑དཀོས་ཐག་(ཀོས་ཐག་ཀྱང༌)ཉམ་ཐག་དཀུ་སྟེ་ནི། །ལྷག་སྟེ་དཀུ་མཉེ་(སྐུ་མཉེའང༌)མེ་འམ་སྟན། །དཀོན་མཆོག་ལ་ནི་དཀོན་ཅོག་དང༌། །དཀོན་པ་སྣང་བ་དཀྱུ་ས་ནི། །རྒྱུག་སའི་ལམ་དང་དཀྱུས་མོ་དང༌། ། དཀྱུས་ནི་མགྱོགས་པའམ་རྒྱུགས་པའི་མིང༌། །དཀྱུས་མའི་དོན་ནི་གཞུང་གི་དོན། །དཀྱེལ་ཆེ་ཁོང་ཡངས་(སྐྱོར་འབྱིན་ཡང་)དཀྱོར་འབྱིན་ནི། །གྱ་གྱུ་ཅན་ནམ་གཡོ་སྒྱུའི་ལས། །དཀྲིགས་ནི་གཏམས་པའམ་གྲངས་གནས་གཞན། །དཀྲེ་ནི་ཕོ་མཚན་ཏོག་ཡིན་ཅིང༌། །དཀྱེར་བ་སྦྱིན་པ་དས་འཕུལ་ཀའོ། །

བཀའ་བཏགས་ཁྲིམས་བསྒྲགས་བཀའ་མཆིད་ནི། །གླེང་མོའམ་ཡང་དག་པ་ཡི་གཏམ། །བཀད་ས་འདུག་སའམ་གཡོས་ཁང་དང༌། །བཀའ་བསྒོས་བཀའ་སྩལ་བཀན་པ་ནི། །གྱེན་དུ་འདེགས་པའམ་གན་རྐྱལ་ཏེ། །བཀའ་བློ་སྒོ་གསུམ་ལས་ཀྱི་མིང༌། །བཀའ་བློ་མི་བདེ་ཞེས་པ་ནི། །ཉེས་པ་གླེང་དུ་མི་འཇུག་པ། ། བཀར་བཏགས་ཐུགས་ལ་བཏགས་པའི་དོན། །བཀོལ་བ་ལོགས་སུ་བཀར་བ་དང༌། །བྲན་ནམ་གཡོག་ཏུ་བསྐུལ་བ་དང༌། །བསྐོས་པའི་དོན་དང་བཀུར་སྟི་ནི། །གདན་ཁྲི་སོགས་ཀྱིས་བསྙེན་བཀུར་བ། །བཀུམས་པ་བསད་པའམ་བཅད་པ་དང༌། །བཀུམ་ནི་གསད་(བྱ)གཅད་བཀུས་ཏེ་བོར། །ཁུ་བ་བཏོན་པའི་སྙིགས་མ་འོ༑ ༑བཀོན་པ་ཁྲོ་བ་བཀོད་མའི་ཆུ། །ཐང་གི་དཀྱིལ་ནས་གྱེན་འཕྱུར་བའི། །ཆུ་མིག་མིང་ཡིན་བཀྱེ་བ་ནི༑ ༑ཕོ་ཉ་སྟོན་མོ་འོད་སྤྲུལ་སོགས། །འགྱེད་པའི་མིང་དང་བཀྱེད་ཅེས་པ། །རྒྱ་སྐྱེད་བྱས་པའི་དོན་ཉིད་དང༌། །བཀྱི་བ་(བཀྱིས་པ་དང་བཀྱིལ་པའང་སྣང༌)གདམས་ངག་མི་སྦྱིན་པ། །བཀྲབས་པ་དང་ནི་བཀྲོས་པ་གཉིས།། མང་པོའི་ནང་ནས་འདམས་པ་དང༌། །བཀྲི་བ་དྲངས་པའམ་འཁྲིད་པ་དང༌། །འགུགས་པ་རྣམས་ཀྱི་བྱ་བ་ཡིན། །བཀྲེས་རྔབ་ནད་ཀྱི་བྱེ་བྲག་དང༌། །ཧམ་པའི་མིང་དང་བཀྲེན་པོ་ནི། །ནོར་མེད་པ་དང་བཀྲེས་ནི་ལྟོགས། །བཀྲུམས་ནི་ཕྱེ་མར་གསིལ་བ་དང༌། །བཀྲུ་སྨན་བཤལ་སྨན་བས་འཕུལ་ཀའོ། །

རྐ་ནི་ཆུ་འགྲོའི་ཡུར་བ་དང༌། །དོག་སར་འགྱེལ་ཏེ་འཁར་བའི་དོན། །རྐུ་རྡོ་ཞེས་པ་རྡབ་སྦྱར་ཏེ༑ ༑ཕྲ་མ་བྱས་དོན་རྐེ་ནི་ལུས། །སྐམ་པའི་མིང་དང་རྐེ་བ་ནི། །པགས་པ་སྐམ་པ་རྐོན་པ་འམ། །རྐོན་བུ་འཛིན་བྱེད་རྒྱའམ་རྙི། །རྐོང་པ་ར་ནད་རྐྱན་སྣོད་སྤྱད། །རྐྱེན་རྩི་རྐྱེན་སྨན་རར་བཏགས་ཀའོ། །

ལྐོག་ཤལ་ཞེས་པ་བ་ལང་གི །ཨོག་ཞོལ་ཡིན་ཏེ་ལར་བཏགས་ཀའོ། །

སྐ་རགས་ཕོག་གུ་ཅན་ཞེས་པ། །སྐ་རགས་རྒྱན་ཅན་དག་གི་མིང༌། །སྐུ་སྐ་ལྡེའུ་སྐན་མནའ་ཚིག།། སྐུགས་ནི་རྒྱལ་དང་སྐུངས་པ་ནི། །སྦས་པ་སྐོམ་ཟོང་གླ་ལྟོ་དང༌། །སྐུད་པོ་ཆུང་མའི་སྤུན་ཟླ་ཕོ། །སྐུན་བུ་(འདི་དག་ལ་བརྡ་དག་རྣམས་སུ་འདྲ་མིན་སྣ་ཚོགས་ཤིག་ཡོད་)ཀོང་བུའམ་གཞོང་བུ་དང༌། །སྐོན་བུ་གཞོང་པ་སྐོན་པ་སྣོད། །སྐོབས་སུ་ཚུད་ནི་བྱ་དཀའ་བའི། །གནས་སུ་ཆུད་པའི་དོན་ཉིད་དང༌། །སྐོགས་པ་ཕུབ་མའམ་འབྲུའི་པགས་པ། །སྐོས་མལ་གནས་མལ་སྐག་རྒྱ་ཚོས། །སྐོན་བུ་ཁ་སྦྱར་ལྕུག་མ་ལས། །བྱས་པའི་ལྷུང་བཟེད་འཇོག་པའི་སྣོད། །སྐྱ་བ་སྐྱེལ་པ་སྐྱང་ནུལ་ནི། །འདམ་གྱིས་བྱུགས་པའམ་ཞལ་ཞལ་མིང༌། །སྐྱ་འཕྱིངས་སྐུད་པའི་སྐྱ་འཛིངས་པ། །སྐྱིད་འདེ་གཅེས་ཕྲུག་སྐྱེངས་ངོ་ཚ། །སྐྱིན་གོར་སྲོག་ཆགས་ད་བྱིད་དེ༑ ༑རྩངས་པའམ་གངས་སྦལ་སོགས་ཀྱི་མིང༌། །སྐྱིན་ཐང་སེར་བ་སྐྱི་ནི་གཡར། །སྐྱི་བུངས་འཇིགས་པའམ་བག་ཚ་བ། །སྐྱི་གཡའ་འཇིགས་སྐྲག་སྐྱོས་ནི་ཉམས། །སྐེ་ཚེ་ཡུངས་ནག་སྐྱིགས་བུ་(ཨི་གུ)ནད། ། སྐྱུ་རུམ་ཚོད་མ་སྐྱུ་གང་ནི། །ཚོན་གང་སྐྱོར་སྐྱོར་ཡང་ཡང་དང༌། །སྐྱེན་པ་མགྱོགས་པའམ་མཁས་སམ་སླ༑ ༑སྐྱོ་སྔོགས་འཁྲུག་ལོང་སྔར་ཞི་བ། །སླར་ཡང་སློང་བའི་དོན་དང་ནི། །སྐྱོ་མ་ཁ་མཆུའམ་ཕྲ་མ་དང༌།། སྐྱོ་མ་སྔ་བཙན་འཁྲུགས་པ་སྔར། །བྱུང་དུས་ཁྲིམས་ཀྱིས་བཅད་པའི་དོན། །སྐྱེལ་བདར་སྐྱེལ་གླ་སྐྱེས་ཕྲན་ནི། །དར་ལ་བབས་པའམ་ན་གཞོན་དང༌། །སྐྱ་ནི་གྲུ་སྐྱ་ཞེས་པའི་ཤིང༌། །སྐྲ་ཤད་སྐྲ་ཡི་ཉག་མ་དང༌།། སྐྲ་བྱི་སྐྲ་བུད་སྐྲང་གནས་ཤིང༌། །སྐྲ་བརྙན་སྐྲ་ཚབ་སྐྲ་ཚོམ་ནི། །བཅིངས་པའི་ཐོར་ཚུགས་སྐྲ་ལི་བ། །སྐྲ་ནི་ཟང་ཟིངས་མ་ལང་བར། །འཇགས་པ་དང་ནི་སྐྲ་འཕྱིངས་པ། །སྐྲ་ནི་རྙིངས་ནས་འཇགས་པའི་མིང༌། །སྐྲ་ཟིངས་ང་རྒྱལ་ཆེ་བ་དང༌། །སྐྲི་ཞིག་ཐོངས་ཤིག་སྐྲུས་པ་ནི། །ཤིང་གི་ཡལ་ག་གཅོད་པ་དང༌། །འཆེག་པའི་དོན་ཏེ་སར་བཏགས་ཀའོ། །

བརྐམ་པ་འདོད་ཞེན་བརྐམ་ཆགས་ཅན། །འདོད་ཆགས་ཅན་གྱི་མིང་ཡིན་ཏེ། །བས་འཕུལ་ར་མགོ་ལྡན་པའི་ཀའོ། །

བསྐ་བ་གར་བའམ་(ཨ་རུ་རའི་རོ་ལྟ་བུ)རོའི་ཁྱད་པར། །བསྐལ་བ་གནས་སོགས་ཐག་རིང་བ། ། བསྐྱམས་ནི་གཡོས་དང་བསྐྱས་པ་ནི། །གནས་གཞན་སྤོས་དང་བསྐྱུད་ནི་བརྗེད། །བསྐྱད་དུ་མེད་ནི་དཔག་ཏུ་མེད། །བསྐྱད་པ་འགྲན་པའམ་ཉམས་སད་པ། །བསྐྱིམས་པ་སྦྱོར་ཁ་བྱས་པ་དང༌། །བསྐྱོས་པ་འཁྲུག་ལོང་བྱེད་པ་སྟེ། །བསྐྱོད་པ་ཡང་ནི་བཀྲེས་པ་ཡིས། །ཉམ་ངར་མ་གྱུར་པ་ཡི་མིང༌། །བསྐྲུན་ནི་བསྐྱེད་པའམ་བཙུགས་པ་སྟེ། །བསྐྲུ་བ་ཁ་ཟས་སློང་བ་དང༌། །གཞན་ལ་ཐབས་ཀྱིས་འབྲིད་པ་སྟེ། །བས་འཕུལ་ས་མགོ་ལྡན་པའི་ཀའོ། །

༼ཁ༽

ཁ་དམ་པ་ནི་ཁ་འཆམས་དང༌། །ཁ་ཕྱིན་པ་ནི་གྲོས་མཐུན་པ། །ཁ་ན་མ་ཐོ་དམ་པ་ཡིས། །སྨད་པའི་ལས་དང་ཁ་སྣོན་ནི། །ཁ་ཏོན་ཁ་གསག་རྙེད་པའི་ཕྱིར། །གཞན་གྱི་ནོར་ལ་བསྔགས་པའི་དོན། །ཁས་འཆེ་ཁས་ལེན་ཁ་ཏ་ནི། །བསླབ་བྱ་ཁ་དམར་ཁག་ཁུར་བ། །ཁ་རྩང་ཁ་སང་ཁ་མཚོན་ནི། །ཁ་ཞེང་ཁབ་ནི་ཁང་པའི་མིང༌། །ཁབ་རལ་ཁབ་ཤུབས་ཁ་ད་ཆད། །ཅེས་པ་ཁ་དང་མཉམ་པ་དང༌། །ཁམ་ཕོར་རྫ་ཕོར་ཁ་ཡར་ནི། །རེ་རེའི་དོན་དང་ཁྭ་ཁྭ་ཏ་(བྱ)། །ཁ་བད་པུ་ཤུའམ་མདའ་ཡབ་དང༌། །ཁ་རྗེ་དབང་ཐང་ཁ་བཏགས་པ། །མཐུ་ནི་ཆུང་ངུར་བྱས་པའི་མིང༌། །ཁ་གཅང་སྙན་པོ་ཁད་ཀྱི་ནི། །དལ་བུ་ཁ་དག་ཉམ་ཐག་པ། །ཁ་གཟར་སྐྱོགས་ཆུང་ཁ་ཟེར་ནི། །སྤྱོ་བ་ཁས་རླབས་ཁ་ཕོ་ཆེ། །ཁ་བླན་དཀའ་ནི་ཁ་བསྒྱུར་བར། །དཀའ་བའི་དོན་དང་ཁ་ཉེན་པོ། །ཁས་ཞན་པའམ་ཉམ་ཆུང་བ། །ཁ་གཏོགས་ངག་བཀོད་བྱེད་པའི་དོན། །ཁུག་རྣ་(ནམ་མཁའ་དྭངས་པའི་ཚེ་སྔ་དྲོའི་དུས་རྒྱང་རིང་པོར་བལྟས་པ་ན་དུ་བ་ལྟ་བུ་སྐྱ་སེང་མཐོང་བ་དེའོ)ན་བུན་ཁོ་ལག་ཞེང༌། །ཁུད་པ་སྐྱེས་སམ་རྫོངས་ཀྱི་མིང༌། །ཁུད་དུ་བྱས་པ་མང་པོའི་ནོར། །བདག་ཉིད་གཅིག་པུས་དབང་བྱས་པ། །ཁུ་ཡུ་(རྭ་འཁྱོག་གམ་རྭ་ཡོན་ཞེས་པའང་སྣང་ངོ)རྭ་མེད་ཁུར་ཙ་པ། །ཁུར་པོ་ཁུར་དུ་བཅུག་པའམ། །ཁུར་པོ་ཁུར་མཁན་ཁོམ་ནི་དལ། །ཁོང་འཁྱིད་ཁོང་འབྱིན་ཁུན་པ་ནི། །ཅ་ཅོའི་མིང་དང་ཁོང་སྙོམ་པ། །ཡིད་མི་དགའ་བའམ་སྒྱིད་ལུག་པ། །ཁུ་འཁྲིག་དོགས་པའམ་རྣམ་རྟོག་སྟེ། །ཁུ་ཤ་ཤ་ཁུ་ཁོལ་དུ་ཕྱུང༌། །ཟུར་དུ་བཀར་བ་ཁོལ་མ་ནི། །སྐར་ཁུང་ཁོར་ཟུག་ཁོར་ཡུག་མིང༌། །ཁོས་རང་ཆབ་མི་འཚལ་བ་ནི། །འདུན་མ་ཆུད་མི་ཟ་བ་དང༌། །ཁོས་པ་འདུན་པ་ཁོལ་བུ་ནི། །ཐོར་བུ་དང་ནི་ཁོ་ཐག་ཆོད། །རེ་ཐག་ཆོད་དང་ཁྱེའུ་ཁ། །མྱུ་གུའི་མིང་དང་ཁྱེའུ་སུས། །སྒེར་(རྒྱུན་པའི་ཟས་ཀྱི་སྔ་ཕྱིར་ཟས་ཟ་བའོ)དུ་བཅོས་པའི་བཟའ་བཅའི་མིང༌། །ཁྱོ་ཤུག་བཟའ་ཚོ་ཁྲ་ཁྲོ་ཅན། །སྤྲོ་ཐུང་བ་དང་ཁྲུན་ཞེས་པ། །འཕང་ངམ་སྲིད་དམ་དཔངས་ཀྱི་མིང༌། །ཁྲུན་རིང་དཀྱུས་རིང་ངམ་མཆུ་རིང༌། །ཁྲོན་མ་རྩུབ་པ་ཁྲེན་ནི་སྐྱོན། །ཁྲུས་ཆལ་འདག་རྫས་ཁྱེད་པ་ནི། །ལྡངས་པའི་དོན་དང་ཁྲིམས་དྲལ་བ། །ཁྲིམས་བཅོམ་པའམ་རལ་བ་དང༌། །ཁྱོགས་ནི་མི་ཆེན་འདེགས་བྱེད་མིང༌། །ཁྲོལ་བ་ཤེས་པ་ཁྱེར་ཁང་ཐོག །ཁྲིས་འཇགས་ཁྲིམས་གནས་སམ་ཆིངས་དོན། །ཁྲག་རླངས་རོ་ལངས་ཁ་རྐྱང་ངོ༌། །

མཁུ་བ་ལྡོག་པ་མཁྱུད་སྤྱད་ནི། །མན་ངག་ཕྲན་བུ་སྦས་བྱས་ནས། །གཞན་ལ་འཆད་པར་བྱེད་པའི་མིང༌། །མཁར་ལེན་ཁང་པ་གསར་རྒྱག་དང༌། །མཁའ་འཕྲིང་ཕོར་ཤུབས་མཁོས་ཕབ་པ། །བློས་ཕབ་པ་སྟེ་མས་འཕུལ་ཁའོ། །

འཁམས་པ་བརྒྱལ་བ་འཁུ་བ་(བརྣབ་སེམས་ཀྱི་སྐབས་ཀྱི་འཁུ་བ་ནི་ཡིད་ལ་བཅིངས་པ་དང༌། གནོད་སེམས་ཀྱི་སྐབས་ཀྱི་འཁུ་བ་ནི་གནོད་པར་འདོད་པ་ལ་བྱའོ)ནི། །འགྲན་པའམ་ཞེ་སྡང་འཁོབ་ནི་ངན། །འཁང་ནི་ཞེ་སྡང་ངམ་རེ་འཁང༌། །འཁུམས་པ་ཐོས་པའམ་ཤེས་པ་དང༌། །འཁུན་པ་ཤུགས་རིང་འབྱིན་པའི་མིང༌། །འཁོར་གཏན་ཐེན་པའམ་སྐར་ཁུང་གི །སྒོ་གླེགས་གཅོད་བྱེད་གཡག་ཤིང་དང༌། །འཁོས་ཆུང་ནུས་ཆུང་འཁོས་པ་དང༌།། འཁོས་ཕེབས་པ་ནི་ཆུད་མི་ཟ། །འཁོས་སུ་ཕབ་ནི་རང་གནས་སུ། །འཇོག་པའམ་ལོགས་སུ་བཞག་པའི་དོན། །འཁོན་ནི་ས་སྐྱའི་གདུང་རྒྱུད་དང༌། །འཁོན་གཅུགས་མི་མཛའ་འཁོབས་ནི་ཁྱབ། །འཁྱིམས་པ་འཁྱིལ་བ་འཁྱུས་ནི་བྲོས། །འཁྱུག་པོ་མྱུར་པོ་འཁྲིམས་ནི་བྲེད། །འཁྲི་བ་དང་ནི་འཁྲེན་པ་གཉིས། །ཞེན་པའམ་ཆགས་པ་འཁྲུ་བ་ནི། །གནས་གཅིག་ནས་ནི་མི་འགྲོ་བའི། །དོན་དུ་བཤད་དེ་འས་འཕུལ་ཁའོ། །

༼ག༽

ག་ཞ་བཞད་གད་ག་ཆད་ནི། །དོན་མེད་པ་ཡིས་ཐང་ཆད་པ། །ག་གེ་ཡུལ་སྤྱི་གག་ནི་གང༌། །ག་ག་ཚིལ་ནི་སྐྱི་གཡའ་བར། །བྱེད་པའམ་གཡའ་སྒོག་པ་ཡི་མིང༌། །གན་དང་གམ་ཡོ་གམ་གསུམ་ནི། །དྲུང་ངམ་འགྲམ་དང་ཉེ་སྐོར་མིང༌། །ག་གོན་ཞ་ཉེའམ་ཉུང་མ་དང༌། །ཤིང་འབྲས་བྱེ་བྲག་པ་ལའང་བཤད། ། གར་ཅིག་གང་ཞིག་གབ་ཁུང་ནི། །སྒྱིད་པའི་ཁུང་ངམ་པུས་མོའི་འོག །གལ་གྱིས་ནན་གྱིས་སམ་རྒྱལ་གྱིས། །ག་དག་གང་དག་གོ༌ཞུབ་ཁྲབ། །གོར་མ་བཀུམ་དང་གོར་མ་ཆག །ཐེ་ཚོམ་མེད་དང་གལ་ལ་ནི༑ ༑བུ་རམ་དྭངས་མའི་ཤ་ཁ་ར། །གན་རྡེའི་ཐེ་འུ་གན་གཡོག་དང༌། །གལ་བཟུང་ཁས་ལེན་དང་སུན་འབྱིན། །གར་ཡང་གང་ཡང་གུམ་ནི་ཤི །གོ༌འདུན་ཚོགས་ཤིང་འདུ་བ་འམ། །སྣ་ཚོགས་པ་དང་གང་མོས་དང༌། །འདག་རྫས་ཀྱི་ནི་མིང་ལའང་བཤད། །གོ༌ར་བཙོན་ར་གལ་(སྤྱང་ཀི་སོགས་འཛིན་བྱེད་)ནི་རྙི། །གོ༌ལོས་དང་ནི་གོ༌ཤེས་གཉིས། །ཁ་ཟེར་བ་དང་གོ༌རེ་ལོང༌། །གད་བདར་བྱེད་པའམ་ལག་གཡོག་མིང༌། །གུར་བུ་(གོར་བུའང་)གྲུ་བཞི་གོ༌ལ་ནི། །ཟླུམ་པོའི་དབྱིབས་དང་གོར་མ་རྡོ། །གེར་མ་རག་མ་གེལ་པ་ནི། །རྩ་བ་སྦོམ་ཞིང་རྩེ་རྒྱས་པའི། །ཤིང་གི་ཕུང་པོའམ་ཡལ་གའི་མིང༌། །ག་ཤེད་ཐག་རིང་གུད་ནི་ལོགས། །གོ༌ཅོག་ཐམས་ཅད་གན་ནི་མཛོད། །གན་པ་མཛོད་པ་གན་བུབ་ནི། །གན་རྐྱལ་ཁ་བུབ་གཉིས་ཀྱི་མིང༌། །གོལ་ས་གཡང་སའམ་ལམ་ལོག་པ། །གར་བུ་ལྕགས་ཀྱི་གོང་བུ་དང༌། །གེལ་པོ་ལུས་འཚོའམ་ཤ་རྒྱས་པ། །གོབ་ལོབ་བྱ་སླ་གྱ་ནི་ཉམས། །གྱ་ཙོམ་(གྱ་ཚོམ་ཡང་)མ་བརྟགས་གོར་མོ་ནི། །སྡང་སེམས་གོ༌ལོབ་མྱུར་བའི་མིང༌།། གོལ་མ་ཟན་དྲོན་གོད་མ་ལྷག །གོད་པ་འབྲིད་པའམ་ཆུད་ཟོས་པ། །གྱ་ནོམ་སྣང་བ་ཡོད་པའམ། །ལེགས་པའི་དོན་དང་གྱིན་ཏ་ནི། །རྒྱུ་མེད་གྱིང་གོང་ཞི་བའི་མིང༌། །གྱ་ནོམ་ཕུན་ཚོགས་གྱི་ན་ངན། །གྱི་ནི་ཞེས་དང་གྱིན་འདའ་ནི། །དམན་པའམ་དོན་མེད་རང་བཞིན་པ། །གྲྭ་ནི་ཟུར་དང་གྲོན་གཟན་པ། །གྱོས་པོ་ཁྱོ་དང་ཆུང་མའི་ཕ། །གོ༌རེ་རྫོགས་པ་གྱག་ནི་རླག །གྱ་ཐོ་རྣ་རྒྱན་གྲིའི་དངོ་ནི། །གྲི་ཡི་སོ་དང་གྱུར་ཅིག་གུ། སྨོན་ཚིག་གྱིམ་ཤིང་རོལ་མོའི་མིང༌། །གླག་པ་ལྟག་པ་གླགས་པ་ནི། །འཇུག་པ་ཉིད་དང་འགྲོ་མཚམས་དང༌། །བསྒོས་པའམ་སྦས་པ་རྣམས་ལ་འཇུག །གཞན་ཡང་གླགས་ཞེས་བྱ་བ་ནི། །སྐབས་དང་ཐབས་དང་ཉེས་པ་དང༌། །བར་མཚམས་བུ་ག་ལ་སོགས་ལ། །འཇུག་ཅིང་གློ་སྐར་སྐར་ཁུང་མིང༌། །གྲག་ནི་ཟེར་བའམ་ཐོས་པའི་དོན། །གྲང་ནི་རུང་དང་གྲབས་སྟ་གོན། །གྲས་པ་ལན་ཀན་གྲུམ་ནི་ཆག །གྲོང་རྡལ་གྲོང་པ་ཆུང་ངུའི་མིང༌། །གྲུ་བཙས་པ་ནི་གྲུ་གླ་འམ། །གྲུ་ཡི་ཚུགས་པ་གླ་དོས་ཤིག །གླ་བརྔན་སྙོགས་ཤིག་ཅེས་པའོ། །གྲོ་ག་ཤིང་ཤོག་གྱོད་ལ་བཀྲི། །ཆད་པས་བཅད་དང་གྱོད་ལ་བསྒྲིན། །ཞེས་པ་གྱོད་ལ་གཏུགས་པའི་མིང༌། །གྱོ་མོ་ས་དང་རྫ་སྣོད་དང༌། །རྫ་དུམ་ཡིན་ཅིང་གྱོང་གྲུགས་(གག་གོགས་སམ་ཡ་ཡོ་ཡང་)དང༌། །གྱོང་རལ་གཉིས་ནི་ས་ཞག་སྟེ། །གྱུ་བ་བཀུར་བའམ་སྦས་པ་དང༌། །ང་རྒྱལ་ཅན་ལའང་འཇུག་པ་ཡིན། །གློ་ནི་སྦོའམ་གཞོགས་ཀྱི་མིང༌། །གློ་བ་དགའ་ནི་ཡིད་ཚིམ་པ། །གློག་པའི་ནད་ནི་མགོ༌ནད་དང༌། །གླས་པ་སྡོད་ས་སྤོས་པའི་དོན། །གླམ་པ་སྣམ་བུ་མཐུག་པོ་དང༌། །གླེབས་པ་མནན་པ་གློས་ནི་རྨོངས། །གློན་པ་ཆགས་བྱེད་གླལ་བ་ཁ། །གདངས་སམ་རྣམ་པར་བསྒྱིངས་པའོ། །གླ་བོ་དྲིན་དུ་(གླ་བོ་དང་གླེ་བོ་གླེང་མོའི་ཡུལ་སྐད་དོ)བཅགས་པ་ནི། །གླེང་མོ་ཐུགས་ལ་བཏགས་པ་དང༌། །གླན་པ་(བླན་ཡང་)བསྐྱར་བའམ་གདབ་པ་དང༌། ། གྲོགས་བྱེད་པ་སྟེ་ག་རྐྱང་ངོ༌། །

དགབ་(བྱ་བའི་ཚིག)ནི་འགེབས་དང་དགའ་བ་ཡོན། །དགོང་འདེབས་ཞག་ས་དགོན་དུང་ཅན (དགུན་དུང་ཅན་ཡང་)། །ཆུ་མེད་གྲོག་པོ་དགའ་འདུན་པ། །སྐྱེས་པའམ་བུད་མེད་རྐྱང་པ་ནི། །དགའ་སྤྲོར་ཚོགས་པ་དག་ལ་བཤད། །དགུང་ནི་གནམ་དང་མཚན་མོ་ལོ། །དགུ་སྟེ་ལྷག་སྟེ་དགུམ་ནི་གསད། །དགོང་བ་སྨད་པ་དགྲ་ཟིན་ནམ། །དགྲ་ཟུན་དགྲ་གཉེན་དས་འཕུལ་གའོ། །

བགམས་པ་ཉམས་སད་བགོ༌རེ་ནི། །ཁང་པ་གྲུ་བཞིའམ་སྤེན་བད་མིང༌། །གགས་སུ་གྱུར་ནི་རག་ལུས་པ། །བགོམ་པ་གོམ་སྟབས་བགོད་ནི་ཟད། །བགྱི་བགྱིད་བགྱིས་ནི་རིམ་པ་བཞིན། །བྱ་དང་བྱེད་བྱས་གསུམ་གྱི་དོན། །བགྲུས་(མུས་ཀྱང༌)ནི་འབྲས་སོག་ཕུད་པ་དང༌། །ཡང་ན་གས་ཆག་མེད་པ་སྟེ། །བགྲུངས་པ་དྭངས་པ་བགྲོ་བ་ནི། །གླེང་མོའི་མིང་སྟེ་བས་འཕུལ་གའོ། །

མགལ་བ་སྡོང་དུམ་(ཤིང་དུམ་མེས་ཚིག་འཕྲོ་)མགལ་མེ་ནི། །བར་མཚམས་མེད་པར་འཁོར་བའི་མེ།། མགོ༌བཀད་མགོ༌སྤུ་མགོ༌ཡེགས་པ། །སྐྲ་འཛིངས་པ་དང་མགུར་ཆུ་ནི། །མཆོད་རྟེན་གྱི་ནི་བུམ་གདན་དང༌། །མགུར་པ་བསལ་བའི་སྒྲ་ཞེས་པ། །གློ་བགོགས་པ་སྟེ་མས་འཕུལ་གའོ། །

འགུམ་པ་འཆི་བ་འགེམས་ནི་འཇོམས། །འགུམ་མི་བསྡོ་ནི་འཆི་མི་རུང༌། །འགོ༌ནན་ཐོག་མ་འགོངས་པ་ནི། །སྨད་དང་སྐྲག་དང་འདས་ལ་འཇུག །འགོད་པ་འཇོག་པ་འགྱེས་ནི་འབྱེད། ། འགོམ་པ་འགྲོ་བ་འགྱུར་ཏ་རེ། །འོང་ངམ་ཡོང་ངེས་ཞེས་པའི་དོན། །འགེད་པ་འགྱེད་དང་འགྱེད་པ་ཡང་། །འགྱེད་པ་དང་ནི་གཏོང་བའི་དོན། །འགྱུར་བྱེད་སྤྲ་ཆལ་འགྱུར་རོ་ཅོག །མཐའ་དག་དོན་དང་འགྲན་དོ་ནི། །འགྲན་ཟླ་འགྲུས་འགོག་བརྩོན་འགྲུས་མིང༌། །འགྱུར་བ་ཡོད་པ་འགལ་ཚབས་ནི༑ ༑ཁས་བླངས་དང་འགལ་ཉེས་བྱས་མིང༌། །འགྱེར་བ་སྤོང་བ་འགྲེང་ནི་ལངས། །འགྲོང་བ་རྨ་སྒོ་འགྲོང་ཞེས་པ། །ཕོ་མོའི་མཚན་མའམ་འདོམས་ཀྱི་མིང༌། །འགྲེ་བ་གཡོ་བ་འགྲེམས་པ་འགྱེད། ། འགྲོན་པོ་ཚོང་པ་འས་འཕུལ་གའོ། །

རྒྱ་ཅང་སྐ་རགས་སྦུབས་ཅན་དང༌། །རྒྱན་པོ་ཤོ་དང་མིག་མངས་སོགས། །རྒོད་པ་འཕྱར་བ་རྒོལ་ནི་རྩོད། །རྒྱགས་པ་རྒོད་བག་གིས་དྲེགས་པ། །རྒྱོལ་བ་རྒོལ་བ་རྒྱ་རྣ་རུ། །མི་ཚངས་སྤྱོད་དང་རྒྱས་བཏབ་པ། །ཐ་མི་དད་དུ་བྱས་པའི་དོན། །རྒྱ་པ་ཁྱེ་པ་རྒྱལ་མོ་ནི། །མིག་འབྲས་རྒྱ་ཤུག་ཤུག་པའི་གྲས། །རྒྱང་འཕེན་མུ་སྟེགས་ཆད་ལྟ་བ། །རྒྱུ་གུ་ཅན་ནི་གཅེར་བུ་བ(མུ་སྟེགས་པ)། །རྒྱུན་ལུགས་རྒྱུ་འགྲུལ་ར་མགོའི་གའོ། །

སྒམ་པ་ཟབ་པ་སྒབ་ཅེས་པ། །འགབ་བམ་གཤམ་ཡིན་སྒེག་རྫས་ནི། །ལུས་དྲི་དག་བྱེད་བྱུག་པའི་མིང༌། །སྒེའུ་ཆུང་སྒོག་སྐྱའམ་འགྲོ་བ་དང༌། །སྒེའུ་གཤེར་ནི་ཁ་འདམ་སྟེ། །སྒ་སྐྱའམ་སྒ་རློན་སྒུ་དོ་ནི༑ ༑བྲང་ངམ་ཆུ་སྣོད་འབེམ་སོགས་མིང༌། །སྒོ་འཕར་སྒོ་གླེགས་སྒྱུག་མོ་ནི། །ཁྱོ་དང་ཆུང་མ་གཉིས་ཀྱི་མ༑ ༑སྒྲ་བརྙན་བྲག་ཆ་སྒྲོབ་ནི་སྒྲོབ(སྤམ་བརྫུ་བྱས་པ)། །སྒྲིན་པ་(སྒྲིམ་པོ་ཡང་)མཁས་པའམ་སྤྱང་པོ་དང༌། །ལེ་ཤོར་མེད་དང་སྒྲུན་འགྲན་པ། །སྒྱུ་མའི་མཆན་བུ་ཞེས་པ་ནི། །སྒྱུ་མ་མཁན་གྱི་སློབ་བུ་དང༌། །སྒྱིད་ལུག་ཡིད་མི་དགའ་བ་སྟེ། །ཞུམ་པའམ་སེམས་པ་དམའ་བའི་མིང༌། །སྒྱོང་པ་རང་གི་ཉེས་པ་ནི། །ཐབས་ཀྱིས་མི་མངོན་པར་བྱེད་པ། །སྒྲེ་པོ་ས་རྗེན་སྒྲེན་མོ་ནི། །གཅེར་བུ་སྒྲེའུ་ཆུང་འཛག་སྣོད་མིང༌། །སྒྲོལ་བ་ཞེས་པ་ཞུ་བ་དང༌། །བསྐོལ་བའི་དོན་ཡིན་སྒོས་ནི་སྒེར། །སྒྲེགས་པ་སྐྱུགས་པ་སྒྲོས་ཞེས་པ། །རྨ་ཡི་ཤུལ་དང་བཤད་པའི་སྒྲོས(སྒྲོས་པ་གཙང་མི་གཙང)། །སྒྲེ་བྱི་ཁྱིམ་ན་གནས་པ་དང༌། །སྤྱི་ཐེར་བ་སྟེ་ས་མགོའི་གའོ། །

བརྒྱ་ནི་ཞལ་བརྒྱའམ་སྨྲ་བའི་བརྒྱ། །བརྒྱད་པ་འཐབ་པའམ་སྨད་པ་དང༌། །བརྒྱད་བཀག་ཁ་སྨྲས་སམ་བཀའ་བཀྱོན། །བརྙས་ཐབས་བརྒྱུངས་པ་འཁྲུ་ནད་དེ། །བས་འཕུལ་ར་མགོ་ལྡན་པའི་གའོ། །

བསྒང་ནི་ནོར་གྱིས་གང་བ་དང༌། །བྱ་བའི་བསྒང་ཞེས་བྱ་བའི་དོན། །བསྒོ་བ་རྣར་གཟོན་བསླབ་པ་ལ། །མི་ཉན་པ་དང་བསྒྲལ་ནི་ཞུས། །བསྒྲུན་མི་ནུས་དང་བསྒྲིན་མི་ཕོད། །འགྲན་མི་ནུས་དང་འགྲན་མི་ཕོད། །བས་འཕུལ་ས་མགོ་ལྡན་པའི་གའོ། །

༼ང༽

ངག་འཁྱལ་འབྲེལ་མེད་དུ་སྨྲ་བ། །ངག་གོ་ཤི་བ་ངན་བུ་བདག །ངལ་འཚོ་ངལ་བསོ་ངད་ནི་ཤུགས། །ངར་སྣབས་ཁ་ཆུ་འབྱར་བག་ཅན། །ངལ་སྐྱེན་དུབ་པའི་ནད་དང་ནི། །ངམ་གྲོག་གཡང་སའམ་གཅོང་རོང་མིང༌། །ངང་ཚུལ་མཚན་ཉིད་ངོ་མི་ཆོད། །ཅེས་པ་ངོ་བཟློག་མི་ནུས་པ། །ངུར་སྨྲིག་ཚོས་མདོག་དམར་སེར་ཏེ། །ཚོས་ཀྱི་སྙིགས་མས་བཙོས་པའི་མིང༌། །ངུད་མོ་ངུ་བ་ངོམས་སྟོན་པ། །ངོ་ག་སྣང་ངོ་ངོགས་ཆུ་འགྲམ། །ངོག་ན་ཞེས་པ་སོང་ན་དང༌། །ངོག་གོ་ནོན་ནོ་ངོ་མཐོན་ནི། །གཞན་གྱིས་མཐོང་བ་ཉིད་དང་ནི། །ནན་གྱིས་ངོ་ཏི་ངོ་ཐོག་མིང༌། །ངོ་བྱ་འོ་ནི་རག་ལུས་པར། །བྱ་བའི་དོན་ཏེ་ང་རྐྱང་ངོ༌། །

དངགས་(སྙན་དངགས་ལྟ་བུའི་)ནི་ངག་དང་དངན་འཐེན་ནི། །གཞན་ནོར་གཡར་ཚབ་མི་སྤྲོད་པ། ། དངར་ནི་གྲལ་ལམ་འཕྲེང་བ་སོགས། །བསྒྲིགས་པའི་དོན་ཏེ་དས་འཕུལ་ངའོ། །

མངག་གཞུག་བྲན་ནམ་གཡོག་པོ་དང༌། །ཕོ་ཉ་བ་སྟེ་མངན་བགྲང་ནི། །སྐྱོན་ནས་བརྗོད་དེ་བགྲང་བ་དང༌། །མངོན་ཚན་བུན་སྐྱེད་མངའ་ཐང་ནི། །ལོངས་སྤྱོད་མངའ་བརྙེས་དབང་ཐོབ་པ། །མངའ་རིས་ཆབ་འབངས་མངན་ཞེས་པ། །མཐུ་འམ་སྐྱོན་ཏེ་མས་འཕུལ་ངའོ། །

རྔད་མོ་དམོད་མོ་རྔུ་མ་ནི། །མིག་གི་སྐྱོ་མའམ་དྲི་མའི་མིང༌། །རྔན་ཆན་བརྙས་ཐབས་རྔམས་མཐུག་པོ། །རྔ་ཤོན་རྔ་དང་བཅས་པའི་བྲོ། །རྔ་བྲན་བ་ལང་གཞོན་ནུའི་མིང༌། །རྔབ་ནི་ཟས་ལ་ཧམ་ཆེ་བ༑ ༑རྔམས་མཐོ་ཕོན་ཆེ་རྔུབ་པ་ནི། །འདུས་པའམ་འཇུག་པ་སོགས་ཀྱི་མིང༌། །རྔུབ་རེ་ཧུབ་རེ་རྔོ་མི་ཐོགས། །ཕན་མི་ཐོགས་དང་ནུས་མི་ནུས། །རྔན་འཕྱར་སྨོད་པའམ་སུན་འབྱིན་པ། །རྔན་འཐེན་ལེ་ལོ་རྔེའུ་ཆུང༌། །རྔ་མོང་ཕྲུག་གུའམ་རྔ་ཆུང་མིང༌། །རྔོག་ནི་རུས་(ལེགས་པའི་ཤེས་རབ་སོགས་ཀྱི་)དང་རྟའི་ཟེ་བ། ། རྔོ་བག་ཅན་དང་རྔོ་ཤུ་ནི། །རྔོ་ནད་ཟ་ཕྲུག་ཅན་གྱི་མིང༌། །རྔོས་ཁྱེར་ཅེ་སྤྱང་རར་བཏགས་ངའོ། །

ལྔ་པ་ཞེས་པ་མཐང་གོས་དང༌། །འཆི་བའི་མིང་སྟེ་ལར་བཏགས་ངའོ། །

སྔ་ཟ་སྔ་བ་སྔུན་ནི་མདུན། །སྔ་མཁོ་བཞིན་ནི་སྔར་བཞིན་དང༌། །སྔོ་ནི་སྐྱོན་མེད་སར་བཏགས་ངའོ། །

བརྔད་པ་བཙལ་བ་བརྔན་ནི་མཆོད། །བརྔམས་པ་གཉེར་བ་བརྔབ་ནི་འགབ། །བརྔོད་པ་བུད་མེད་འདྲིད་པའམ། །བསླུ་བ་བས་འཕུལ་ར་མགོའི་ངའོ། །

བསྔོ་བ་བསྒྱུར་བ་བསྔོས་པ་ནི། །བགྲངས་པ་བས་འཕུལ་ས་མགོའི་ངའོ། །

༼ཅ༽

ཅང་ནི་གཤང་དང་ཅན་ཅེར་དང༌། །ཅན་ནེ་གཉིས་ནི་ཕོར་པའི་མིང༌། །ཅ་ཅོ་(ཅལ་ཅོལ་ཡང་)འབྲེལ་མེད་སྨྲ་བ་དང༌། །ཅ་འབྱིད་དོར་བའམ་སྤོང་བའི་དོན། །ཅས་ཅུས་སེམས་དང་ངག་འཁྱོག་པོ། །ཅི་ག་དེ་སྐད་ཅི་བགྱི་གཡོག །ཅི་གར་ཇི་ལྟར་ཅོ་ནི་མགོ །ཅོ་ཏོ་(ཅོ་དོ་ཡང་)མགོ༌སྤུ་ཅོང་རོལ་མོ། །ཅོ་འདྲི་བ་ནི་མཐོ་འཚམས་པའམ། །མགོ༌བོ་འཁོར་དུ་འཇུག་པ་དང༌། །དམའ་ཕབ་ཉམས་སད་རྣམས་ལ་འཇུག །ཅང་ཏེའུ་ཌཱ་རུ་ཅུང་པེང་ནི། །ཆང་བུའམ་ཟས་ཀྱི་བྱེ་བྲག་དང༌། །ཅི་སྟེ་གལ་ཏེ་ཅུར་ནིས་ནི། །སྨན་གྱི་ཕྱེ་མ་ཞིབ་མོའི་མིང༌། །ཅི་ཆིབ་མཐར་ཕྱིན་ཅི་ཆོག་ནི། །ཅི་ཡོད་ཅོག་(ཡོད་དོ་ཅོག་ལྟ་བུའི་)ནི་མཐའ་དག་དོན། །ཅི་ནར་ཅིས་ཀྱང་ཅ་རེ་ནི། །རྟག་ཏུ་ཅི་ཞིག་ལྟར་ཞེས་པ། །འབད་རྩོལ་མེད་པ་ཅོག་གེ་ནི། །ཙོག་གེའི་དོན་ཡིན་ཅལ་ཅོལ་དག །ཆལ་ཆོལ་ཉིད་དང་ཅོང་ཞུ་ནི། །ཅོང་ཞིའི་མིང་སྟེ་ཅ་རྐྱང་ངོ༌། །

གཅན་སྒོ་སྨད་འཚོང་མའི་ཁྱིམ་དང༌། །གཅམ་བུ་བཅོས་མ་གཅོམ་(བཅོམ་ཡང)ཁེངས་དྲེགས། ། གཅོམ་སྐྱུངས་འཇིགས་ནས་སྐད་ཆུང་ངུར། །སྨྲ་བའམ་ཁ་རོག་འདུག་པའི་མིང༌། །གཅམ་གསག་ཁ་གསག་གཅུགས་ཞེས་པ། །ཡིད་གཅུགས་པ་སྟེ་མཛའ་བ་དང༌། །གཅུགས་མེད་པ་ནི་འཁོན་མེད་པ། ། གཅིན་དང་གཅི་བ་དྲི་ཆུ་དང༌། །གཅིན་གཅིས་དྲི་ཆུ་བཏང་བའི་མིང༌། །གཅིན་སྲི་དྲི་ཆུ་འགགས་པ་དང༌། །གཅིའུ་སྨན་ནི་བཤང་ལམ་ནས། །གཏོང་བའི་སྨན་དང་གཅོང་རོང་གཡང་། །གཅོང་སྐད་ཉམ་ཐག་པ་ཡི་སྐད། ། གཅེན་པོ་སྔོན་སྐྱེས་ཇོ་ཇོ་དང༌། །གཅུང་པོ་རྗེས་སྐྱེས་ནུ་བོའི་མིང༌། །གཅུ་གལ་དོ་གལ་ལམ་བྱུས་ཐོགས། །གཅུད་ལ་བོར་ནི་གནད་ལ་བོར། །གཅུན་ནི་དབང་སྒྱུར་གཅན་ཞེས་པ། ། ལམ་སྲུང་རྒྱ་སྒོ་ལྟ་བུ་དང༌། ། གཅེར་བུ་སྒྲེན་མོ་གས་འཕུལ་ཅའོ། །

བཅབས་ནི་སྦས་པའམ་གསང་བ་དང༌། །བཅམ་གསག་དགོངས་ལེན་ནམ་ཁས་བཅུགས། ། བཅེར་བ་སྤུངས་པའམ་བཙིར་བ་སྟེ། །བཅའ་འབྱེད་འགལ་བའམ་སྤོང་བ་དང༌། །བཅལ་བ་འབུལ་བ་བཅིབས་ཞོན་པ། །བཅིལ་བ་གཞིལ་བའམ་འཕྲོ་བཅད་པ། །བཅུ་འགུགས་མར་མེ་བཅར་བ་ནི། །དམ་པོར་བཤིབས་པའམ་བཅོམ་ལ་འཇུག །བཅད་པ་བཀག་པ་བཅའ་དང་བཅས། །གནས་མལ་གཤོམ་དང་བཤམས་པའི་དོན། །བཅོལ་ནི་གཏམས་དང་བཅུམ་པ་ནི། །ཆུང་ངུར་བཏང་དང་བཅའ་སྒ་སྨན། །སྒ་སྨུག་མིང་སྟེ་བས་འཕུལ་ཅའོ། །

ལྕགས་ཀྱོ་ལྕགས་ཀྱུ་ལྕགས་ཕོད་(པོད་ཀྱང༌)ནི། །སྐ་རགས་རྒྱན་ནམ་ཆབ་མགོ་ཅན། །ལྷས་མ་གྲུ་བཞིར་འདུག་པ་ཡང་། །ལྕུག་གུ་སྐེ་རགས་ཕྲ་མོའི་མིང༌། །ལྕམ་མོ་སྲིང་མོ་ལྕམ་དྲལ་ནི། །ཨ་ལྕེའམ་མིང་སྲིང་དང་ཆེ་ཆུང༌། །ལྕིགས་པར་དཀའ་ནི་རྟོགས་དཀའ་བ། །ལྕེ་ནི་གནམ་ལྕགས་ལྕེ་འབབ་ཐོག །ལྕེ་རྟེན་(ལྕེས་རྟེན་ཡང་)བརྗོད་པའམ་སྙད་འདོགས་དང༌། །ལྕང་རྙིད་སྐམ་པ་ལྕང་ལྕོང་ནི། །སྒང་ཉག་ཅན་དང་ལྕོག་ནི་མགོ །ལྕོགས་ནི་ནུས་པ་ལར་བཏགས་ཅའོ། །

༼ཆ༽

ཆ་བ་འཇུག་པའམ་འགྲོ་བ་དང༌། །ཁྲུས་དང་བྱི་དོར་སྒེག་པའི་མིང༌། །ཆ་བྱད་ཆ་ལུགས་ཆབ་ནི་ཆུ༑ ༑ཆབ་ཤོག་བཀའ་ཤོག་ཆབ་སྒོ་ནི། །སྒོ་དང་ཆབ་འབངས་འཁོར་གཡོག་མིང༌། །ཆ་མེད་རྒྱུས་མེད་ཆག་སྲིན་ལག །ཆང་ཁྱུ་ཚོགས་པ་ཆགས་རྒྱ་ནི། །བུ་ལོན་བདའ་བའི་དཔང་རྒྱ་སྟེ། །གན་རྒྱའི་ཡི་གེ་བཅུག་པའི་མིང༌། །ཆན་པ་(དེང་སང་སྣམ་རས་སོགས་འདྲ་བྱེད་ཇེམ་ཙེ་ཟེར་བ་དེའོ)ཁྱེ་བོའམ་གྲི་གུག་སྟེ། །ཆབ་མི་འཚལ་ནི་ཆུད་མི་ཟ། །ཆང་ཐུབ་གང་ཟག་ཆར་གཡེང་ནི། །འདོད་ལ་བརྐམ་དང་ཆིབ་ནི་ཁྱབ། །ཆམ་དུ་གཏན་དུ་ཆབས་ཅིག་ནི། །ལྷན་ཅིག་ཆ་ལང་རོལ་མོའི་མིང༌། །ཆ་ལག་ཡན་ལག་ཆུར་དཀྱུས་རིང༌། །ཆུ་(མཆུའང༌)ནི་དཀྱུས་དང་དཔངས་སམ་སྲིད། །ཆུ་ཞེང་གབ་ནི་སྲིད་ཞེང་མཉམ། །ཆ་སྟ་ཚེར་མ་འདོན་པའི་སྤྱད། །ཆམ་ལ་ཕབ་ནི་རང་ས་འམ། །དམའ་སར་ཕབ་པའི་དོན་ཉིད་དང༌། །ཆམ་དུ་མི་སྐྱེ་བ་ཞེས་པ། ། གཏན་དུ་མ་སྐྱེས་པ་ཉིད་དང༌། །ཆུ་མཁྲིས་རྟ་གདོང་མེ་ཡི་རི། །ཆུ་འཆིང་ཐོག་ཕིབས་སམ་རྒྱ་ཕུབ། །ཆུ་གང་ལེགས་པའམ་སྙིང་སྟོབས་དང༌། །ཆུ་འདལ་བ་ནི་ཆུ་དལ་པོ། །ཆུ་ལོན་རགས་སམ་ཟམ་པ་དང༌། །ཆུ་འབྲུབ་པ་(བྲུག་པ་དང་བྲུབས་པའང༌)ནི་ཆུ་ཁོལ་བའམ། །རྦ་ཀློང་ཅན་དང་ཆུ་ཤིན་ཏུ། །རྒྱས་པའི་མིང་དང་ཆུབ་ནི་རྟོགས། །ཆིངས་ནི་འཁྲུག་པ་སྡུམ་པ་དང༌། །ཡང་ན་སྤྱི་(སྔགས་ཀྱི་ཆིངས་ལྟ་བུ་)ཡི་དོན་ལའང་འཇུག །ཆེ་བཞི་བདེན་དཔང་ཆེམས་(ཁ་ཆེམས་ལྟ་བུ་)ནི་འཕྲིན། །ཆུའི་དངོ་ཆུའི་ངོགས་ཆུམས་ཆགས་པ། །ཆུ་ར་ཆུ་སྣོད་ཆེ་ཞེ་ནི། །ཨ་ལྕེའམ་སྲིང་མོ་ཁྱོ་སོགས་མིང༌། །ཆོ་རིགས་རིགས་རྒྱུད་མཐོ་བ་དང༌། །ཆོ་འབྲང་མ་ཡི་ཕྱོགས་ཀྱི་གཉེན། །ཆུད་པ་ཞིང་པ་ཆུ་མཐོངས་གནམ། །ཆོ་ངེ་ངུ་བ་ཆུ་གྲོག་ནི། །ཆུ་ཡི་ལྦུ་བའམ་ཆུ་གྲང་མོ༑ ༑ཆེ་གེ་མོ་ནི་གང་ཟག་སྤྱི། །ཆར་གསེ་བ་ནི་ཆ་ཤས་སམ། །དུམ་བུར་གཤགས་པ་ལྟ་བུ་དང༌། །ཆུ་སོ་ལྟེ་འོག་ཆུ་བྲོག་ནི། །ཆུ་ལ་ཕྱེ་བཏབ་བཏུང་བའི་མིང༌། །ཆག་ཚེ་ཚྭ་སྡོར་མེད་པ་ཡི། །ཐུག་པ་སླ་མོ་ཆོ་ལོ་འགྱེད། །ཤོ་སོགས་རྩེ་དང་ཆག་བཞག་ནི། །ངེས་པ་ཅན་ནམ་དཔེར་མཚོན་པ། །ཆེད་ཀ་དགོས་པའམ་དོ་གལ་དང༌། །ཆེན་ཐགས་ཕྱུགས་ནད་ཆང་ཆེམས་ནི། །ཆང་དག་དལ་བུས་འཐུང་བ་དང༌། །ཧ་ཅང་འཐུང་ཆེས་པ་ཡི་དོན། །ཆེད་འགའ་རེས་འགའ་ཆོ་ག་ནི། །བྱ་བའི་ཐབས་སམ་རིམ་པ་དང༌། །ཆག་ཆག་བཏབ་ནི་(གད་ཆུ་གཏོར་བ་ལྟ་བུ)ཆུ་གཏོར་བ། །ཆོམ་པོ་རྐུན་པོ་ཆུ་དྲེག་ནི། །ཆུ་ནང་རྡོ་ལ་ཆགས་པའི་རྩི། །ཆུ་བ་ཡུ་བ་ཆོལ་ཟངས་ནི། །རྐང་པ་བཀྲུ་ཆུའི་སྣོད་དང་ནི། །དྲི་ཆུའི་སྣོད་དེ་ཆ་རྐྱང་ངོ༌། །

མཆོག་ནི་རྩེ་མོའམ་མི་ཕོད་པ། །མཆིལ་བ་ལྕགས་ཀྱུ་དང་(ཁང་པའི་ནང་དུ་འཁོར་བའི)བྱེའུ། །མཆན་ཁུང་ལག་འོག་མཆིས་ནི་ཡོད། །མཆི་ནི་སོང་ངམ་འགྲོ་འམ་འོང༌། །མཆིད་འབོ་བ་འམ་མཆིད་འཇོ་བ༑ ༑གཏམ་འཇོ་བ་དང་མཆིང་ཞེས་པ། །དབུས་སམ་དཀྱིལ་ལམ་གཏིང་ངམ་འཇིངས། །མཆིག་གུ་ཡས་གཏུན་མཆིག་མས་གཏུན། །མཆིག་པ་སྐྱེས་པའི་འབྲས་བུ་དང༌། །མཆིང་བུ་རིན་ཆེན་ཕལ་པའི་མིང༌། །མཆིས་མལ་ཞེས་པ་སྐོས་མལ་ཏེ། །གནས་མལ་ཡིན་ཅིང་མཆིལ་ལྷམ་ནི། །རྐང་པའི་མཐིལ་ཙམ་ཁེབས་པའི་ལྷམ། །མཆིས་བྲང་ཆུང་མ་མཆོར་ནི་མཛེས། །མཆིས་ཉལ་ར་རོ་(ནམ་མཁའ་གྲགས་སོགས་ཀྱི་)མཆིམས་ནི་རུས། །མཆི་མ་དཀུ་ནི་ངུ་བ་དང༌། །མཆིལ་མ་ཁ་ཟས་མཆེར་བ་ནི། །ནང་ཁྲོལ་(འདི་ལ་འཆད་ཀ་བ་ཞེས་སོགས་འས་འཕུལ་ཅན་བྲིས་པ་དཔེ་མང་པོར་སྣང་ཡང་མས་འཕུལ་ཅན་ཉིད་དག་པར་ཁུངས་ལྡན་གྱི་གཞུང་ལས་གསུངས་སོ)མཆད་པ་དུར་ཁྲོད་མིང༌། །མཆོངས་ནི་ངུ་བ་འམ་རྒྱང་རིང་པོར། །འབོད་པའམ་གླུ་ལེན་པ་ཡི་དོན། །མཆུ་སྦྲང་གླིང་བུ་མས་འཕུལ་ཆའོ། །

འཆབ་ནི་གསང་བའམ་སྦེད་པ་དང༌། །འཆུགས་པར་བྱེད་ནི་གྱོད་སྡུམ་པ། །འཆེས་ནི་ཁས་ལེན་འཆག་པ་ནི། །འདྲལ་བའམ་གཤག་པའམ་འཇིག་པའི་མིང༌། །འཆུགས་པ་སྙན་སྒྲོན་འཆོས་ནི་བཟོས། །འཆེལ་ནི་ཞེན་པའམ་འཆད་པ་དང༌། །འཆོ་བ་འབྱམས་པ་འཆུམས་པ་ནི། །འདོད་པའམ་ཆགས་པ་དུངས་པ་དང༌། །འཁྲེན་དང་སེར་སྣ་རྣམས་ཀྱི་མིང༌། །འཆོག་གོ༌བརྡེག་གོ༌འཆམས་ཞེས་པ༑ ༑ཁ་མཐུན་པ་དང་འཆུས་པ་ནི། །འཕྲོག་པའམ་འཆུས་ནི་ཡོ་བའི་དོན། །འཆའ་བ་བཟུང་བའམ་འཆང་བ་དང༌། །འཆགས་པ་ཉེས་པར་སྨྲ་བ་སྟེ། །འཆོབས་ཤིག་གསོངས་ཤིག་འས་ཕུལ་ཆའོ། །

༼ཇ༽

ཇ་རིལ་ཐོད་པ་ཇ་ཧོང་ནི། །བཙོད་མདོག་ཇ་སིག་ཇ་སྦག་མིང༌། །ཇེ་ནི་དེ་འམ་དང་པོ་དང༌། ། དབྱངས་དང་རེ་ཞིག་ཐ་སྙད་དོ། །ཇི་ག་བརྟག་པ་ཇི་རོབ་ནི། །ཅི་ཕྱིར་ཇོ་བོ་རྗེ་བོའི་མིང༌། །ཇིས་ན་ཅིས་ན་ཇི་འོས་འཚམས། །ཇ་ཏོར་རས་གུར་ཇུ་བོ་རྡོ། །ཇེང་ནི་དབྱངས་སམ་རྒྱུད་མངས་དང༌། །ཇེ་ཞིག་རེ་ཞིག་ཇ་རྐྱང་ངོ༌། །

འཇང་བ་ཟ་བའམ་འཐུང་བ་དང༌། །འཇའ་ལ་འཇའ་རིས་འཇའ་མོ་ནི། །ས་རིམ་འུ་ལག་འཇིངས་ནི་དབུས། །འཇའ་ས་གོ༌སའམ་ལུང་ལས་ཏེ། །འཇི་བ་འཇིམ་པ་འཇིལ་ནི་ཞི། །འཇུད་མཐུན་སྨད་འཚོང་འཇའ་ཞེས་དང༌། །འཇུམས་པ་ཁེངས་པ་བཏང་བའི་དོན། །འཇུ་བ་(འཇི་བ་ཡང)ཁྱི་ཤིག་འཇུད་ནི་འཇུག །འཇོག་ནི་གཞོག་དང་འཇོར་བུ་(འཇུར་བུ་ཡང་)དང༌། །འཇུར་འཐུག་འཇོར་རྣམས་ཏོག་ཙེའི་མིང༌། །འཇེས་པ་གྱེས་པ་འཇོ་སྒེག་ནི། །འདོད་པས་ཀུན་ནས་བསླངས་པ་ཡི། །ལུས་ངག་གཉིས་ཀྱི་རྩེད་མོ་འོ། །འཇེན་པ་ལེན་(འོས་པའམ་འཚམས་པ་ལྟ་བུ་)དང་བཅགས་པ་དང༌། །རྣ་བར་འཐད་དང་ཡིད་འོང་བ། །འཇེབས་པ་འགྲོགས་དང་ལེགས་པ་དང༌། །སྙན་དང་ཡིད་འོང་ཕན་པའི་མིང༌། །འཇལ་དུམ་མི་མཐུན་བསྡུམས་པའི་དོན། །འཇུངས་པ་སེར་སྣའམ་ཞེན་ཆགས་མིང༌། །འཇུག་ངོགས་ཆུ་འགྲམ་འཇུན་པ་ནི། །ཡིད་ལ་བཅགས་དང་འཇུར་མིག་ཏུ། །བཤར་བའི་མིང་དང་འཆུན་པའི་དོན། །འཇབ་པ་འདོད་པ་འས་འཕུལ་ཇའོ། །

རྗེ་བཙན་རྗེ་བཙུན་རྗང་(སྦྱང་ཡང་)བང་བ། །རྗེད་པ་ཞེ་སའམ་བཀུར་སྟི་དང༌། །ཡོན་ཏན་དྲན་པའི་བསྔགས་བརྗོད་དོ། །རྗེ་ངར་རྐང་དུང་རྗུད་ནི་རྒུད། །རྗེན་པ་གཅེར་བུའམ་རྐྱང་པ་དང༌། །རྗེན་བཅོས་ཟས་རྗེན་དགེ་སློང་གིས། །བཙོས་པའི་དོན་ཏེ་རར་བཏགས་ཇའོ། །

བརྗེད་ངས་དྲན་པ་མི་གསལ་དང༌། །བརྗིད་བག་ཆེ་ཁྱད་ཅན་ཡིན་ཏེ། །བས་འཕུལ་ར་མགོ་ལྡན་པའི་ཇའོ། །

ལྗན་ལྗིན་འདམ་རྫབ་མྱག་མྱོག་དང༌། །ལྗར་གྱིས་མནན་ནི་ཚིར་གྱིས་མནན། །ལྗོངས་ནི་ཡུལ་ཏེ་ལར་བཏགས་ཇའོ། །

༼ཉ༽

ཉ་མ་བུད་མེད་སློབ་མ་དང༌། །ཉག་མོ་ནག་མོ་ཉིང་ནི་རང༌། །ཉིང་ཤ་རང་ཤ་ཉེ་དུ་གཉེན། །ཉག་ཕྲན་མདའ་ལ་ཉན་རྣ་ནི། །ཕག་ཉན་ཉི་ཚེ་ཕྱོགས་རེའི་མིང༌། །ཉ་སྐྱོག་ཉ་ཕྱིས་ཉ་ལྕིབས་ནི། །ཆུ་ནང་སྐྱེས་པའི་བལ་ལྗང་མིང༌། །ཉལ་ཉིལ་ཕྱག་དར་ཁྲོད་པ་དང༌། །ཉལ་གྱིས་འགྲོ་ནི་ཡལ་ནས་འགྲོ །ཉིང་ཏོར་ཤིན་ཏུའམ་ངེས་པར་ཏེ། །ཉམ་ང་འཇིགས་སྐྲག་ཉམ་ཉེས་པ། །ཉེས་སྐྱོན་ཡིན་ཅིང་ཉམས་དྲོད་འཛིན། །ཉམས་ཚོད་ལྟ་དང་ཉར་མ་ནི། །ཆུ་རྡུལ་ཟེགས་མ་ཉེ་རེག་ཁྲུས། །ཉིང་དགོས་ཡང་དགོས་ཉིས་ན་ནི། །བརྟགས་ནའམ་རྣམ་པ་གཉིས་སུ་ན། །ཉིང་ལག་སོར་མོ་ཉེན་ནི་རྨང༌། །ཉུག་པ་བྱུག་པ་ཉུག་རུམ་ནི། །རླིག་ཕྱུང་བཙུན་མོའི་འཁོར་གྱི་མིང༌། །ཉིང་ཁུ་སྙིང་པོ་ཉེལ་ནི་ངལ། །ཉིང་གྲུལ་རིགས་ངན་ཉང་ནི་(ཏིང་འཛིན་བཟང་པོའི)རུས། །ཉག་པོར་གཉེག་ནི་སོས་བླད་པ། །ཉེན་ཀོར་མཐའ་སྐོར་ཉེ་ཞོ་མེད།། ལེགས་པའམ་སྐྱོན་མེད་བཀྲ་ཤིས་པ། །ཉུལ་བ་བུལ་པའམ་འགོར་བ་དང༌། །ཉེན་བུ་ཤེད་ནི་སྙེམས་བྱེད་པ། །ཉེར་བསྡོགས་སྟ་གོན་ཉེ་འུ་གྱི། །བཅུད་ཚོར་བ་དང་ཉོ་ཏི་ཤིང༌། །ཉོད་རོད་ལྟོ་གོས་ཉོད་པ་ཟས། །ཉག་གཅིག་ཁོ་ན་ཉ་རྐྱང་ངོ༌། །

གཉའ་བོ་དཔང་པོ་གཉའ་དྲག་ནི། །རྩུབ་འགྱུར་གཉུག་མ་གདོད་མའམ་གཏན། །གཉུག་མའི་ས་ནི་དུར་གྱི་ས། །གཉི་ག་གཉིས་ཀ་གཉུལ་ནི་ཉུལ། །གཉའ་བཟུང་རྒྱུད་མོ་ལྕགས་ཐག་དང༌། །གཉའ་བྱེད་པ་ནི་རྒྱབ་བྱེད་པ། །གཉི་ཟེར་ཉི་ཟེར་གཉིག་ཏུ་ནི། །གཅིག་ཏུ་གཉིད་ཡུར་གཉིད་དྲོ་བ། །གཉོད་ཀ་འཁོས་ཀ་གཉོད་ཆུང་ནི། །བསྲན་ཆུང་གཉོད་ནི་བུ་མོའི་རིན། །གཉེ་མ་ནང་ཁྲོལ་གཉེར་ནི་བོས།། གཉན་(དར་མ་གྲགས་)གཉགས་(ཛྙཱ་ན་ཀུ་མར)གཉོས་(ཡོན་ཏན་གྲགས)གསུམ་རུས་ཀྱི་མིང༌། །གཉེར་གདམས་བཅོལ་གདམས་གས་འཕུལ་ཉའོ། །

མཉེས་གཤིན་བརྩེ་དུང་ཆེ་བ་དང༌། །མཉེས་པ་ལེགས་པའམ་གྲོས་མཐུན་པ། །མཉན་པ་རྣ་བས་ཉན་པ་དང༌། །གྲུ་མཁན་མིང་སྟེ་མཉེལ་བ་ནི། །ངལ་བའམ་ཐང་ཆད་མས་འཕུལ་ཉའོ། །

རྙིས་པ་རྙིངས་པ་རྙེད་བརྩོན་ནི། །གཏའ་མའི་ཚུལ་གྱིས་སྦྱིན་པ་དང༌། །རྙོང་ནི་རི་དྭགས་འཛིན་བྱེད་ཀྱི། །རྙི་དང་རྙོང་བ་རྐྱོང་བ་སྟེ། །རྙོངས་པ་གཞོམ་པ་རར་བཏགས་ཉའོ། །

སྙན་སྐྱོ་ཕྲ་མ་སྙིང་བཞོས་པ། །གསང་གཏམ་སྨྲ་བའམ་སེམས་གསོ་བ། །སྙིང་ཁུ་ཉིང་ཁུ་སྙུན་གསོལ་ནི། །ཁམས་བདེའི་དྲི་ཚིག་སྙེ་འབོལ་སྔས། །སྙིམ་པ་ཐལ་མོ་སྙུགས་སུ་ནི། །ཡུན་དུ་སྙོད་པ་སྟེར་བའི་མིང༌། །སྙེམས་པ་ཉམས་ཆུང་སྙིང་རག་མ། །སྙིང་མཁྲེགས་པའམ་སྲ་བ་དང༌། །སྙོགས་ནི་རྗེས་སུ་འབྲང་བའི་དོན། །སྙོན་མོངས་ཉོན་མོངས་སྙོམ་པ་(སྙོམ་ལས་ཀྱང)ནི། །གཡེལ་བའི་དོན་དང་སྙང་སྙོགས་དང༌། །སྙོམ་ལས་ལེ་ལོ་སྙིང་ཚོམ་པ། །མང་པོའི་ནང་ནས་བདམས་པའི་འཁོར། །སྙིང་ལམ་བསམ་པ་སྙིད་མོ་ནི། །བདག་པོའི་སྲིང་མོའམ་ཨ་ནེ་ཡིན། །སྙུགས་སྲིངས་ཡུན་སྲིངས་སྙོམས་སེམས་ནི། །ཐེ་ཚོམ་མིང་སྟེ་སར་བཏགས་ཉའོ། །

བརྙང་བ་འཁྲུ་བ་བརྙས་ཐབས་ནི། །ཁྱད་གསོད་བརྙིངས་པ་རྙིང་པ་དང༌། །བརྙན་པོ་གཡར་པོ་བརྙས་པ་ནི། །གཡས་པའམ་ཉོས་པའམ་ཆས་ཆོད་ལ། །འཇུག་ཅིང་བརྙོས་པ་བཟུང་བ་སྟེ། །བས་འཕུལ་ར་མགོ་ལྡན་པའི་ཉའོ། །

བསྙད་པ་བཤད་པ་བསྙེམས་ང་རྒྱལ། །བསྙིལ་བ་དོར་བའམ་ཕྱིར་བསྐྲད་པ། །བསྙུངས་ནི་ཉུང་ངུར་བྱས་པ་དང༌། །བསྙེ་བའམ་བསྙེངས་པ་འཇིགས་པའི་མིང༌། །བསྙེན་སྲིང་ཉེ་རིང་བསྙོན་ནི་རྩོད། །བསྙོན་ཏོལ་(བསྙོན་དོར་ཡང་)ཧམ་པས་སྒྲོ་བཏགས་པ། །བསྙུལ་བ་བཀྲུས་པ་བསྙུར་བ་ནི། །རྩོལ་བ་དྲག་པོའམ་བརྩོན་འགྲུས་ཏེ། །བསྙེན་པ་ཉེ་བའམ་བསྟེན་པའི་མིང༌། །བསྙེན་ཅིག་ཤོག་ཅིག་བསྙུག་པ་ནི། །བྱུགས་པ་བསྐུས་དང་སྐྱུག་པ་དང༌། །བསྙེལ་བ་བརྗེད་པའམ་འོ་བརྒྱལ་བ། །བསྙོད་པ་ཁ་ཟས་སྟེར་བའམ། །གཏད་དང་བླུད་པ་རྣམས་ཡིན་ཏེ། །བས་འཕུལ་ས་མགོ་ལྡན་པའི་ཉའོ། །

༼ཏ༽

ཏ་ལ་ལ་ནི་སྒྲོན་མེ་དང༌། །ཏེ་བོར་དང་ནི་ཏེ་པོར་གཉིས། །ཤིན་ཏུའམ་རབ་ཏུའམ་ལེགས་པ་དང༌། །སྲ་བ་དམ་པ་དྲག་པ་དང༌། །ཚབས་ཆེ་བ་ཡི་དོན་ལའང་འཇུག །ཏིང་ལོ་ཟན་གྱི་ཀོང་བུ་དང༌།། ཏལ་ཙམ་ཡུད་ཙམ་ཏལ་མར་སོང༌། །ཐལ་ལེར་སོང་དང་ཏྭ་ར་ཎ། །རྟ་བབས་མིང་དང་ཏེལ་པ་ནི། །ཕོ་བརྒྱད་གཤིན་རྗེའི་ཡ་གྱལ་ཡིན། །ཏི་ཤྲིར་དང་ནི་ཏ་དབེན་གཉིས། །རྒྱ་སོག་བླ་དཔོན་གོ༌སའི་མིང༌།། ཏ་ཧུང་གོས་དམར་ཏ་ཟིག་ཡུལ(སོག་ཡུལ་ལ་ཟེར)། །ཏྲེས་སམ་ཕྱེ་མ་ཏམྦུ་ལ། །སོ་རྩིའི་སྨན་དང་ཏེབ་བེ་སྣོད། །ཏུག་རིད་ཐག་རིང་རྫ་རྔའི་སྒྲ། །ཏྲེ་མ་བུ་ག་སྦྲང་ཆུང་དང༌། །ཏྲེ་ལ་ཏ་ཀ་ཞེས་པ་ནི། །སྦྲང་མ་དེ་རིགས་ཆེན་པོའི་མིང༌། །ཏེ་ཏེ་བལ་པོའི་རྔ་ཟླུམ་དང༌། །ཏིག་ཏ་མཁྲིས་སྨན་ཏ་རྐྱང་ངོ༌། །

གཏན་པ་སྒོ་གླེགས་དང་སྲ་རྐྱང༌། །གཏམ་འདྲེས་པ་ནི་ཕེབས་པར་སྨྲ། །གཏམས་པ་(བལྟམས་པ་ཡང་)གང་བའམ་བཅོལ་བ་དང༌། །བཤད་དང་བསྟན་པ་གཏམས་ཞེས་པ། །གྲངས་ཀྱི་གནས་གཞན་གཏོལ་མེད་ནི། །ཐབས་མེད་པའམ་རྒྱས་མེད་པ། །གཏའ་མ་གཏེང་བ་བུ་ལོན་གྱི། །ནོར་ཚབ་གཏེ་(གཏེ་མ་ཡང་)བ་གཏོས་ནི་ཁྱོན། །གཏོས་པ་ཚད་མེད་གཏི་ན་ནི། །སྨྲེ་དང་གཏུགས་པ་ཆད་པའི་མིང༌། །གཏའ་ནི་བརྒྱབས་པའམ་བརྡེགས་སམ་བརྡུངས། །གཏི་བ་སྨྲ་བ་གཏའ་གམ་པ། །ལང་ཚོར་མ་བབས་རྒས་ཉམས་ཅན། །གཏུ་ལུམ་བཟི་བ་གཏིང་ཕྱིན་པ། །དཔྱིས་ཕྱིན་པ་དང་གཏོགས་(བཏོགས་ཀྱང༌)ནི་ཕྲོགས། ། གཏོགས་འདོད་(ལྷ་ཆེན་གཏོགས་འདོད་ཅེས་པ་ལྟ་བུ)གཞན་གྱི་ཡོ་བྱད་ནི། །རང་ལ་དབང་བར་འདོད་པ་དང༌།། གཏོལ་(མཚང་ནས་གཏོལ་ལྟ་བུ)ནི་སྐྱོན་མཚང་འདོན་པའི་དོན། །གཏུམ་པ་གཟུ་ལུམ་ཆེ་བ་དང༌། །གཏུག་པར་མི་ནུས་འགྲན་མི་ནུས། །གཏུར་བུ་སྣམ་སྦྱར་འཇུག་སའི་སྣོད། །གཏུན་བུ་ཡས་སྟན་གཏུན་མས་སྟན། །གཏེ་བོ་རྩོད་གཞི་སློང་མཁན་དང༌། །གཏིབས་པ་དཀྲིགས་པ་གས་འཕུལ་ཏའོ། །

བཏགས་པ་ཕལ་པ་བཏུབ་ནི་རུང༌། །བཏང་མི་བྲ་ནི་གཏོང་མི་ཕོད། །བཏུངས་པ་བསད་པ་བཏེག་ནི་འགྲོ(བྱེས་སུ་བཏེག་ལྟ་བུ)། །བཏང་བཟུང་ཀླུ་དང་རི་བོ་དང༌། །བཏུལ་བཅིལ་སྦྱངས་པ་བཏུས་ནི་བསྡུས། ། བཏུང་བ་སྤྱོད་པ་བཏག་སོ་ནི། །ཐ་ག་པ་ཡི་ལག་ཆ་དང༌། །བཏའ་བ་སྨྲ་བ་བས་འཕུལ་ཏའོ། །

རྟས་པ་དར་བའམ་རྒྱས་པར་བྱེད། །རྟབ་རྟབ་རིངས་པ་རྟེན་འགྲོ་ནི། །རོལ་མོ་མཁན་གྱི་བྱེ་བྲག་པ། །རྟིང་སོར་རྗེས་སོར་རྟོན་པ་ནི། །འདོད་པའམ་རྗེས་འབྲང་ཡིད་ཆེས་པ། །རྟུལ་ཕོད་སྙིང་སྟོབས་ཆེ་བ་དང༌། །རྟུག་པ་མི་གཙང་རྟོག་གེ་བ། །རྟོག་ཅིང་དཔྱོད་པའམ་ཚིག་འཁྲི་མཁན། །རྟ་བགད་ཅེས་པ་ཁོང་རྒོད་དམ། །སོ་ཚིས་བྱེད་པ་རྟག་རེས་འཁོར། །རྟག་ཏུ་སྦྱོར་བའི་ཟས་ཀྱི་མིང༌། ། རྟོགས་ཤིག་སོམས་ཤིག་རྟོད་པས་བརྟོད། །ཕུར་པར་བཏགས་པ་རྟོལ་(གནས་སུ་རྟོལ་ལྟ་བུ་སྟེ་བརྟེལ་དང་བརྟོལ་ཡང)ཞེས་པ། །ཕྱིན་པའི་མིང་དང་རྟུལ་བ་ནི། །རྩོལ་བའི་དོན་ཏེ་རར་བཏགས་ཏའོ། །

ལྟག་ཆོད་སུན་འབྱིན་ལྟར་སྣང་དང༌། །ལྟག་འོག་སྔ་ཕྱིའམ་གོང་འོག་སྟེ། །ལྟག་སྒྲེ་ལྟག་ཐེར་ལྟེང་ཀ་ནི། །ཆར་ཆུ་འཁྱིལ་བའི་རྫིང་བུའི་མིང༌། །ལྟོངས་པ་རྨོངས་པ་ལྟོ་འཕྱང་ལུག །ལྟིར་གྱིས་གང་དང་ལྟེམ་གྱིས་གང༌། །གཉིས་ཀ་མེར་གྱིས་གང་བའི་དོན། །ལྟག་པའི་སྡུད་སྒོ་ལྟག་ཁུང་དང༌། །ལྟག་ཆུ་མགྲིན་པའི་ཕྱི་ཡི་རྩ། །ལྟེམ་རྐྱང་མོས་གུས་སྒང་ཤོང་ངམ། །ཐེ་ཚོམ་ལྟུང་རུས་ལྟུང་འབྲས་ཏེ། །ལྟར་ལྟར་མངལ་གྱི་གནས་སྐབས་དང༌། །ལྟན་པ་འབྱོར་པ་ལར་བཏགས་ཏའོ། །

སྟ་གོན་སྔོན་འགྲོའམ་གྲབས་གཤོམས་པ། །སྟ་ཟུར་དཔྱི་མགོ་སྟར་བ་ནི། །འཕྲེང་སོགས་སྒྲིག་པར་བྱེད་པའི་དོན། །སྟག་རལ་སག་ཐག་སྟོར་ནི་བོར། །སྟང་ཟིལ་དངུལ་རྡོ་སྟེས་དབང་ནི། །སྟབས་ལེགས་པའམ་སྟོབས་ཤུགས་མིང༌། །སྟུག་པོ་མཐུག་པོ་སྟན་གླིངས་པ། །ཕྱིང་པ་ལྟ་བུའི་གདན་གྱི་མིང༌།། སྟོད་ཕྱག་ཕུ་ཐུང་སྟོངས་མོ་ནི། །མང་པོས་ལས་རོགས་བྱེད་པ་དང༌། །སྟོངས་པ་ཕན་པའམ་གྲོགས་ཡིན་ཅིང༌། །སྟོང་གྲོགས་ཡུལ་གྱི་བསམ་པའི་ཚུལ། །ཤེས་ནས་གྲོགས་བྱེད་པ་ཡི་དོན། །སྟེག་པ་སྒེག་པ་སྟེང་པ་ནགས། །སྟོབ་པ་མགྲོན་དུ་གཉེར་བའམ། །འབྲིམ་དང་འབུལ་དང་སྟེར་བ་དང༌། །སྟོས་པ་སྦྱིན་པ་སྟོས་ཤིག་ནི། །བྱིན་ཅིག་ཅེས་དང་སྟར་ཆགས་པ། །གཏན་ཆགས་པའམ་རྒྱུན་ཆགས་པ། །སྟོར་ཁུང་མི་གཙང་འདོར་སའི་གནས། །སྟངས་འཛིན་སྟོངས་གཅོད་ཡིན་མིན་དོན། །ཐག་བཅད་པ་དང་སྟངས་ཀ་ནི། །བྱེད་སྟངས་ཉིད་དེ་ས་མགོའི་ཏའོ། །

བརྟ་བ་རྒྱས་པར་བྱ་བ་དང༌། །བརྟས་པ་རྒྱས་པ་བརྟུན་ངས་པ། །གཟུ་ལུམ་དང་ནི་འུར་གཏམ་མམ། །རང་བཟོའམ་གཞན་ལ་གནོད་པ་དང༌། །འདོད་པ་ཆེས་པ་རྣམས་ལ་འཇུག །བརྟད་པ་གློ་བུར་བརྟུལ་བ་ནི། །བསྡུས་པའམ་འཇམ་དང་འབད་པའི་མིང༌། །བརྟུན་པ་བརྩོན་པ་བརྟགས་པ་ནི། ། བསམས་དང་གུས་པའམ་སྒྲིན་པ་དང༌། །བརྟབས་ནི་འཚབས་པའམ་བྲེད་པའི་དོན། །བརྟད་སྐྱེན་པ་ནི་རྩོལ་བ་སྟེ། །བས་འཕུལ་ར་མགོ་ལྡན་པའི་ཏའོ། །

བལྟམས་ནི་སྐྱེས་པའམ་འཁྲུངས་པ་སྟེ། །བས་འཕུལ་ལ་མགོ་ལྡན་པའི་ཏའོ། །

བསྟང་བ་གྲོགས་སམ་མགོན་དང་ནི། །བསྟན་དཀའ་བ་ནི་ཉམས་པ་དང༌། །བསྟབས་པ་བྲིམས་པའམ་ཕུལ་བའི་མིང༌། །བསྟར་བ་བྱི་དོར་ལེགས་པ་དང༌། །གཟབས་པ་ཉིད་དང་སྤྲས་པ་དང༌། །སེམས་ལ་བསྒོམས་དང་ཡོད་པའི་དོན། །བསྟི་སྟང་ཞེས་པ་བཀུར་སྟི་འམ། །ལུས་ཀྱི་གུས་འདུད་བསྟི་བ་ནི། ། ངལ་བསོ་བ་དང་བསྟིང་ཚིག་(བསྟིངས་ཀྱང༌)ནི། །འཕྱ་བའམ་ཟུར་གྱིས་སྨོད་པ་དང༌། །ལྷག་པར་སྨྲ་ཞིང་བརྗོད་པ་སྟེ། །སུན་འབྱིན་པ་ཡི་ཚིག་ཡིན་ལ། །བསྟིང་སླད་ཚོད་བལྟ་བསྟུངས་པ་ནི། །ཐག་སོགས་ཐུང་ངུར་བྱས་པ་དང༌། །བསྟིར་མེད་ངལ་བསོ་མེད་པའམ། །མནར་མེད་པ་དང་བསྟོངས་པ་ནི། །གཞན་དང་མཐུན་པར་རྗེས་འཇུག་པ། །བསྟི་གནས་ཁྱིམ་མམ་སྡོད་གནས་ཏེ། །བས་འཕུལ་ས་མགོ་ལྡན་པའི་ཏའོ། །

༼ཐ༽

ཐ་གི་ཞི་བའམ་མཐའ་ཙམ་གྱི། །བར་རམ་ཅུང་ཟད་ཐ་སྙད་ནི། །མཚན་ཉིད་ཐ་བ་རེངས་པ་དང༌། །རྩུབ་དང་སྲ་བའམ་མཁྲེགས་པའི་མིང༌། །ཐ་གྲུ་ཐག་གྲུ་མཐའ་གྲུ་གསུམ། །རྒྱ་ཁྱོན་ཉིད་དེ་ཐ་རམ་དང༌། ། ཐ་ཆད་ཐ་ཤལ་ངན་པའི་མིང༌། །ཐ་རམས་གཏམས་པ་ཐན་ནི་འཕྲིན། །ཐབས་ཅིག་ལྷན་ཅིག་ཐོག་ཐག་ནི། །ཐམས་ཅད་ཐལ་ཀར་གླང་པོའི་མཆོག །ཐན་ཀོར་མཐའ་སྐོར་ཉེ་སྐོར་དང༌། །ཉེ་འཁོར་རྒྱལ་ཕྲན་རྣམས་ལ་འཇུག །ཐ་ཆུང་ནུ་བོ་ཐིབ་བུ་མུན། །ཐུབ་ཆོད་མི་འོས་པའི་བྱ་བ། །ཐུགས་བག་ཞུས་པ་གནང་བ་དང༌། །ཐེར་ཟུག་འགྱུར་མེད་ཐམ་ལག་(འཐམ་ལག་ཀྱང)ནི། །མན་ངག་ཐ་ཚིག་རྩ་བ་འམ། །ཚིག་གི་དོན་དང་ཐང་ལ་ནི། །བཀྲམ་པའི་དོན་ཏེ་ཐོབ་ཀྱིས་འཇལ། །རྙེད་ཕྱིར་གཞན་ལ་སྨོད་པ་དང༌། །ཐེ་གི་ཟད་དུ་བསྐྱལ་བ་ནི། །རྒྱང་ཙམ་བསྐྱལ་བའི་དོན་ལ་འཇུག །ཐགས་རན་བཏགས་པ་ཐུ་བོ་ནི། །གཙོ་བོ་ཐོག་ཐོག་དང་པོའི་དོན། །ཐོང་ཁོར་གར་བུ་ཐོམས་ཤིག་ནི། །སོམས་ཤིག་ཐོར་ཏོ་རྩེ་མོ་དང༌། །ཐོར་ཚུགས་ཐོར་ཅོག་ཐེངས་ནི་སླེབས། །ཐེན་ཆེར་ཅ་རེའམ་རྟག་ཏུ་དང༌། །ཐོག་ཤས་སྟོན་ཐོག་འབྲས་ཀྱི་ཕུད། །ཐགས་བཅུག་པ་(གཅུག་པ་ཡང)ནི་ཚར་བཅད་པ། །ཐམ་ཕྲན་ལྕགས་གཟེར་ཐུ་ལུམ་ནི། །ལྕགས་སོགས་གོང་བུར་བསྒྲིལ་བ་དང༌། །ཐམས་སུ་བཅུག་ནི་དོང་དུ་བཅུག །ཐི་བ་སྲེག་པའམ་ཕུག་རོན་དང༌། །ཐོག་པོར་ཐོག་ཉམས་ཐལ་གོང་ནི། །བྲང་ངམ་དཔུང་པའི་བར་གྱི་མིང༌། །ཐོད་རྒལ་ཞེས་པ་སྣྲེལ་ཞི་སྟེ། །རིམ་པ་འཆོལ་བའི་ཐ་ཚིག་དང༌། །ཐུལ་བ་ཡོངས་སུ་སྨིན་པ་ཡིན། །ཐོ་ཅོ་ཁ་ཕོ་ཐོ་རེ་བ། །ཐོར་བུ་ཐོན་བུ་བཙས་པ་ནི། །དང་པོར་གསར་དུ་བཙས་པ་དང༌། །ཐོང་མི་བ་ནི་གསོད་འདོད་པ། །ཐུག་ཐུབ་བཙན་ཐབས་ཐུམ་འཕྲས་གཉིད། །ཐུམ་ཙམ་ལོག་པའམ་གཉིད་སྲབ་མོ། །ཐུགས་ལས་ཆུང་ནི་སྤྲོ་བའམ། །རྩོལ་བ་ཆུང་ངམ་འཕྲིན་ལས་ཆུང༌། །ཐན་སྐད་ལྟས་ངན་སྐད་སྒྲོག་པ། །ཐན་བཏང་བ་ནི་ཤི་བོའི་འཕྲིན། །བཏང་བའི་མིང་སྟེ་ཐ་རྐྱང་ངོ༌། །

མཐང་ནི་ལུས་ཀྱི་སྨད་ཕྱོགས་སམ། །ཤ་འམ་ནང་དང་མཐང་ག་ནི། །བུད་མེད་ཀྱི་ནི་རྐེད་འོག་མིང༌། །མཐར་གྱིས་རིམ་གྱིས་མཐོང་ག་བྲང༌། །མཐའ་ཀླས་མཐའ་ཡས་མཐོལ་བ་ནི། །བསྒྲགས་པའམ་མི་སྦེད་པར་སྨྲ་བ། །མཐར་ཆགས་ཁྲིགས་ཆགས་མཐོ་འཚམས་འགྲན། །མཐར་གྱིས་བཞག་པ་ཞེས་པ་ནི། ། འཇུར་མདུད་མེད་དང་མཐིང་རིལ་བྱ། །ཆུ་སྐྱར་མིང་སྟེ་མས་འཕུལ་ཐའོ། །

འཐམས་མེད་པ་ནི་འཁྱོས་མ་དང༌། །འཐབ་ཀྲོལ་རྩོད་པ་སློང་བ་དང༌། །འཐབ་མོའམ་ཡང་ན་གནོད་པའི་རྒྱུ། །འཐབ་བེར་གོ༌ཁྲབ་འཐུར་ནི་འཁྲུགས། །འཐམས་པ་སྤྱོ་བའམ་བྱམས་པ་དང༌། །ཁ་དན་བྱས་ཏེ་མི་འགྱུར་བའི། །དོན་ནམ་བརྡ་བྱས་པ་ལ་འཇུག །འཐེམས་ནན་ནན་ཆགས་བྱས་པ་སྟེ། །འཐོར་འཐུང་བཟླས་པའི་ཁྲུས་ཆུ་དང༌། །ཞལ་བསིལ་ལ་འཇུག་འཐིབས་པོ་ནི། །རྩྭ་སོགས་དཀྲིགས་པའི་མི་མངོན་པ། །འཐས་པ་སྲ་བ་འཐམས་ཤིག་ནི། །སོང་ཞིག་འཐིང་སླད་(མཐིང་ཡང་)སྨོད་པའི་ཚིག །འཐིང་ནི་ངེས་པ་འཐུལ་དུ་བཅུག །ཆད་པས་བཅད་དེ་འས་འཕུལ་ཐའོ། །

༼ད༽

ད་ཀོ་ད་ནི་དར་ཙམ་ནི། །སྐད་ཅིག་ཙམ་དང་ད་གཟོད་དང༌། །ད་གདོད་གཉིས་ནི་སླད་མའི་མིང༌། །ད་བྱིད་རྩངས་པ་ད་བུར་ནི། །སྲེག་གནས་དོག་མ་མདུན་ནམ་ས། །དུགས་ཁུང་ཁྲུས་ཁང་དང་ལ་རྫིང༌། །དམ་དོམ་དམ་བཅའ་དེས་པ་རྒྱུད། །འཇམ་པའམ་དུལ་བའམ་ཞི་བ་དང༌། །རང་བཞིན་བཟང་བ་རྣམས་ལ་འཇུག །དུས་ཀྱིས་འཆུ་ནི་དབང་གིས་འཆུ། །ཞེས་པ་དབང་དུ་བསྡུ་བའི་དོན། །དོ་ཟན་མཆིང་བུ་དེ་འུ་ནི། །མྱུར་བ་དུམ་པ་མཐུན་པ་དང༌། །དུན་ལས་སྤུར་ལོངས་དུས་རླབས་གྲངས། །དེ་སྟེ་འོན་ཏེ་དེང་དེ་རིང༌། །དོ་ཀེར་ཐོར་ཅོག་དུས་པོ་ཆེ། །འཛིན་པ་ཆེ་དང་དོ་བཅུག་པ། །དབུ་བཅུག་པ་དང་དོག་ལེ་སྣོད(ཆུ་བསྲོ་བའི་སྣོད)། །དོན་མཐུན་ཚོང་པ་དོང་བ་(དེང་བ་ཡང་)ནི། །སོང་བ་དེ་མོ་དགོས་པ་དང༌། །དེངས་པ་རྙིང་པ་དྭ་ཕྲུག་ནི། །ཕ་མ་ཤི་བའི་བུ་ལ་ཟེར། །དུག་པ་ངན་པ་དུངས་པ་ནི། །ཡིད་ལ་འཆང་བའམ་ཞེན་ཆགས་དང༌། །དྭངས་མ་རབ་དང་མཆོག་གི་དོན། །དོངས་པ་མདའ་ཤུབས་དན་རྟགས་ནི། །སྐྱེ་བ་སྔ་མའི་ཆ་བྱད་དང༌། །དམ་རྒྱ་ཁྲིམས་དང་དཔང་རྒྱ་དང༌། །དུབས་སུ་དུས་སུ་དོལ་ཆོད་དུ། །ཚམ་ཚོམ་མེད་པར་འབད་པའི་དོན། །དོ་ལི་ཁྱོགས་དང་དལ་དཀྱིལ་འཁོར། །དོལ་ནི་(ལྷོ་ཁའི་)ཡུལ་དང་ཉ་རྒྱ་སྟེ། །དོག་པ་སྙེ་མ་(ཞིང་གི་སྙེ་མ)དེ་འདྲོག་མོད། །དེ་མ་འདྲོག་ནི་འཕྲལ་གྱི་མིང༌། །ད་ཆུ་རྡོ་སྨན་དུབ་ནི་ངལ། །དོ་ར་གར་གྱི་ར་བ་དང༌། །དན་རོགས་གྲོགས་བྱེད་པ་ཡི་མིང༌། །དྲ་མ་ཡ་རབས་དྲུས་མ་(གྲུས་མ་ཡང་སྣང་སྟེ་བེའུ་འབྲངས་པའི་བ་ལང་མོའོ)ནི། །བཞོན་མ་དྲལ་པོ་མིང་པོ་དང༌། །དྲལ་བ་བཅོམ་པའམ་ཞིག་སོགས་མིང༌། །དྲི་བརྩུང་དྲི་བསུང་དྲི་མ་དཀུ། །དྲི་མི་ཞིམ་པའམ་དྲི་ཚ་བ། །དྲི་མནམ་པ་ནི་དྲི་ང་བ། །དྲོད་ནི་ཚོད་དང་དྲོད་ཉུལ་ནི། །བློ་ཡི་གདེང་ཚད་བལྟ་བའི་དོན། །དྲུངས་ནི་རྩ་བ་དྲིལ་ཕྱིས་ནི། །མེ་འམ་སྟན་དང་དྲུབས་ནི་བཙེམས། །དྲེའུ་རྔོག་ནི་གདན་ཁྲ་བོ། །དྲུག་ནམ་དྲུག་ཆ་དྲུ་བུ་ནི། །གྲུ་ཁུའི་མིང་སྟེ་ད་རྐྱང་ངོ༌། །

གདངས་ནི་བྱེད་ལུགས་གདས་པ་ནི། །སྨྲ་བའམ་ཞུས་དང་ཞུ་བའི་དོན། །གདམ་ང་འདམ་ག་གདོན་མི་ཟ། །ཐེ་ཚོམ་མེད་པའམ་ངེས་པར་དང༌། །གདུ་བུ་ལྷུང་བཟེད་སྟེགས་ཀྱི་མིང༌། །གདུགས་ནི་ཉི་མའམ་ཉིན་པར་དང༌། །གདུགས་ཀྱི་བླ་ཐེང་བླ་ཉམས་འགྱུར། །གདོད་མ་ཐོག་མའམ་དང་པོ་དང༌། ། གདུང་འཚོབ་རྒྱུད་འཛིན་གདུང་བྱེད་ནི། །ཉི་མའི་ཚ་ཟེར་འབར་བའི་མིང༌། །གདོལ་པ་རིགས་ངན་གདུངས་ནི་ཉེན། །གདུག་པ་མ་རུངས་གདུ་བ་ནི། །ཟས་ལ་དུངས་ཤིང་དོན་གཉེར་དང༌། །བསྐོལ་བ་ལ་འཇུག་གདོས་བུ་ནི། །སྣོད་ཆུང་ཆུ་ཡིས་བཀང་བ་དང༌། །གདོས་བུ་བཏགས་ནི་གཉིད་སྲུང་བྱེད། །གདོས་པ་གྲུ་ཡི་དར་ཆེན་ནམ། །གྲུ་ཉིད་སྒུལ་བྱེད་ཤིང་གི་མིང༌། །གདའ་བ་ཡོད་པའམ་མཆིས་པ་དང༌། །གདུབ་ཀོར་རྐང་ལག་རྒྱན་དང་ནི། །གདུགས་ཁུང་ཞེས་པ་བསྲོ་ཁང་ངམ། །ཁྲུས་ཁང་གདུགས་ཚོད་གུང་ཚིགས་མིང༌། །གདགས་སྲིབ་ཉིན་མཚན་ནམ་ཉིན་སྲིབ། །གདེང་དྲོད་གདེང་ཚད་གས་འཕུལ་དའོ། །

བདའ་བ་ཞིམ་པའམ་འདེད་པ་དང༌། །བདར་བ་བཅད་པའམ་གཞོགས་པ་དང༌། །བྱི་དོར་ལས་སམ་ཕྱེ་མར་བྱས། །ཡང་ན་གཟབས་པའམ་སྦྱིན་པ་སོགས། །སོ་སོར་སྐབས་ཐོབ་ཀྱིས་ནི་འཇུག །བདུན་པ་བླ་གོས་བདོག་པ་ནི། །དངོས་པོའམ་ཡོད་པ་ནོར་དང་ནི། །བདོ་བ་རྒྱས་པའམ་དར་བའི་མིང༌། །བདེ་བླག་དཀའ་ཚེགས་ཆུང་ངུ་དང༌། །ཐེ་ཚོམ་མེད་དེ་བས་འཕུལ་དའོ། །

མདུན་ཁང་(འདུན་ཡང་)འདུག་ས་མདུང་དོར་ནི། །རྒྱན་པོ་འགྱེད་དང་མདུན་ན་འདོན། །ནང་བློན་མདུན་དུ་བདར་བ་ནི། །མདུན་ནས་བསྟོད་པའམ་གྲལ་བསྒྲིགས་དང༌། །མདུན་དུ་བགྱིས་དང་མདངས་གསོལ་ནི། །བདེན་པའི་མིང་དང་མདུན་མ་གྲོས། །མདུན་ན་མོ་ནི་མདུན་ཐད་ཀ །མདོ་མི་བཟུང་བ་མི་ཕོངས་པ། །མདོང་མོ་མཇུག་དོའི་ནང་ཡིན་ཏེ། །མདོང་གསོལ་ངོ་དགའམ་ངོ་ཆེན་མིང༌། །མདུད་པ་འཆིང་བ་མས་འཕུལ་དའོ། །

འདག་ཆལ་(ལྡག་ཆལ་ཡང་)ཁྲུས་རྫས་འདལ་ནི་དལ། །འདད་ནི་གཤིན་པོའི་དགེ་རྩ་དང༌། །འདད་ཅིག་ཆོག་མོད་འདུ་མཆེད་ཐབས། །འདམས་པ་མཚན་མ་ཆད་པ་དང༌། །འདུ་འཕྲོད་ཚོགས་པ་འདུན་ས་ནི། །ཚོགས་སའི་མིང་དང་འདོ་བ་རྟ། །འདོད་འགྲོ་སྨད་འཚོང་འདོད་པ་ནི། །བཟའ་བཏུང་འདེ་གུ་སྐྱོམ་བུ་དང༌། །འདག་གུ་སྐྱོ་མའམ་ཕྱེ་མའི་མིང༌། །འདུམས་པ་ཐུང་དུ་བཏང་བ་དང༌། །འདི་ཀོ་འདི་ནི་འདོང་བ་(འདེང་བ་ཡང་)འགྲོ །འདི་ཙུག་འདི་ལྟར་འདུ་འཛི་ནི། །འདུ་ལོང་འདུ་བ་ནོར་རྫས་མིང༌། །འདུར་ཤིད་གཤིན་པོའི་དགེ་སྒྲུབ་དང༌། །འདན་ཤིང་(འདད་ཤིང་དང་འདན་བུ་ཡང་)གཡག་ཤིང་འདེང་རྒྱག་པ། །ཞེས་པ་བསམ་བློ་བཏང་བའི་དོན། །འདྲལ་མཐིལ་ལག་མཐིལ་འདྲིད་པ་ནི། །སླུ་བ་འདྲུབ་པ་འཚེམས་པ་དང༌། །འདྲེན་མ་འདྲེས་མའམ་སྣ་ཚོགས་ཡིན། །འདྲུལ་བ་རུལ་བར་འགྱུར་བ་དང༌། །འདྲུབས་པ་རྨ་སོགས་སླར་གསོས་པའི། །དོན་དུ་བཤད་པ་འས་འཕུལ་དའོ། །

རྡེངས་པ་མེད་པའི་དོན་ཉིད་དང༌། །རྡེན་མེད་པ་ནི་བཅོལ་པོར་རམ། །ཡང་ན་རློམ་པར་སྤྱོད་པའི་མིང༌། །རྡོ་གུ་གཏུན་ཆུང་རྡལ་ཆོས་ནི། །རྩིང་ཆོས་ཧང་ཧྲལ་རར་བཏགས་དའོ། །

ལྡ་ལྡི་ལང་ལིང་ངམ་མཆོད་རྫས། །ལྡང་ནི་ལང་དང་ལྡེ་ནི་(མངའ་བདག་རྩེ་ལྡེ་ལྟ་བུ)མིང༌། །ལྡང་སྐོ་སྐ་ནི་སེངྒེའི་རིགས། །ཤ་ར་བྷ་སྟེ་རྐང་བརྒྱད་པ། །ལྡེམ་པོ་ཀྱོག་པོའམ་དྲང་མིན་དང༌། །ལྡུད་པ་བླུད་པ་ལྡས་པ་ནི། །ལུས་པ་ལྡུམ་བུ་སྔོ་ཆུང་ངུ༌། །ལྡམ་ལྡུམ་རྩ་བའི་བཅའ་བ་དང༌། །ཤིང་ཐོག་ལ་ཕུག་ལྡོམ་བུ་ནི༑ ༑ཉུལ་བའི་དོན་ཏེ་བསོད་སྙོམས་པ། །ལྡེར་བཟོ་འཇིམ་སྐུ་ལྡུགས་ནི་བླུག །ལྡོབས་སྐྱེན་པ་ནི་ཤེས་སླ་བ། །ལྡིབས་པ་ལྕེ་མི་བདེ་བ་དང༌། །ལྡོངས་པ་ལོང་བ་ལྡར་བ་ནི། །གཤེར་བ་ལྡོན་པ་ལན་བཏབ་པ།། ལྡེག་པ་བསྐྱོད་པ་དང་འགུལ་བ། །ལྡེ་གུ་སྐྱོ་མའམ་ཐུག་པ་དང༌། །ཡང་ན་དྲི་བཟང་སྦངས་པའི་ཆུ། ། ལྡག་གུ་སྲན་མ་ལར་བཏགས་དའོ། །

སྡར་བ་བྲེད་པ་སྡུམ་ནི་ཁྱིམ། །སྡུམ་བུ་ཁྱིམ་ཆུང་སྡོ་བ་འགྲན། །སྡུམ་མཚེས་ཁྱིམ་མཚེས་སྡུམ་བྱེད་ནི། །གཟུ་བྱེད་སྡེ་རྣ་སྡེ་དཔོན་མིང༌། །སྡེ་གཟར་ཡུལ་སྡེ་འཁྲུགས་པ་དང༌། །སྡོད་པ་འཕེན་པ་སར་བཏགས་དའོ། །

བརྡེག་འཆའ་བ་དང་བརྡེག་ཆོས་ནི། །ཁ་བུབ་ལོག་པའམ་འགྱེལ་བ་དང༌། །རྐང་པ་འདྲེད་པའང་རྡོལ་ཐབས་སྨྲ། །ཚིག་མྱོག་ལྡབ་ལྡིབ་སྨྲ་བ་དང༌། །བརྡོལ་བ་འབྱུང་པོས་བརླམས་པ་སྟེ། །བས་འཕུལ་ར་མགོ་ལྡན་པའི་དའོ། །

བལྡག་པ་སྐྱོ་མ་བལྡད་པ་ནི། །སོས་བླད་པ་དང་བལྡབས་ནི་བསྐྱར། །བས་འཕུལ་ལ་མགོ་ལྡན་པའི་དའོ། །

བསྡོགས་པ་གྲབས་བྱེད་བསྡུམ་པ་ནི། །མཐུན་པ་བསྡུས་པ་ཆང་བུའམ་ཟ། །བས་འཕུལ་ས་མགོ་ལྡན་པའི་དའོ། །

༼ན༽

ནང་བྱན་གཡོག་གམ་ཁྱིམ་ནང་གི །ཕྱག་ཚང་ནང་བྱན་ཚུད་པ་ནི། །ནང་རྒྱུས་ལོན་པའམ་དོན་ཐམས་ཅད། །རང་གི་དབང་དུ་འདུ་བའི་དོན། །ནན་འགུགས་མཐུ་ཡིས་འཕྲོག་པའི་མིང༌། །ནངས་ཀྱི་དུས་ནི་སྔོན་གྱི་དུས། །ནང་ནུབ་སྔ་དྲོ་ཕྱི་དྲོ་དང༌། །ནམ་ནངས་པ་ནི་ནམ་ལངས་པ། །ནམ་རྨུས་པ་ནི་ཉི་མའི་འོད། །སྤྲིན་གྱིས་བསྒྲིབས་པའི་ཡུལ་ངན་དང༌། །ས་སྲོས་པའམ་སྲོད་ཀྱི་མིང༌། །ནམ་སྲོས་མཚན་མོ་ནམ་ཞར་ནི། །ནམ་ཡང་ནན་ཏུར་ཆད་ལས་དང༌། །ནན་ཐུར་ནན་ཏན་ན་སྨད་ནི། །ཡན་ལག་མ་ཚང་བའི་ལྟུང་བ། །ནར་མ་རྒྱུན་པར་ན་རེ་བ། །རྒྱུན་ཆགས་པ་དང་ནོངས་པ་ནི། །ཉེས་པའམ་གུམ་པ་ནོམ་པ་སྲིད། །ནེ་འུ་ལྡང་དང་ནེའུ་ལོ་པ། །ནེའུ་ཟླ་རྣམས་ནི་ན་མཉམ་པ། །ནེམ་ནུར་ཡིད་གཉིས་སམ་ཐེ་ཚོམ། །ནོད་པ་ལེན་དང་ཐོབ་པ་དང༌། །བཞག་པ་རྣམས་ཏེ་ནེམ་ནེམ་པ། །སྙི་བ་ནོག་ནི་བ་ལང་གི རྐེ་ཚིགས་སྟེང་གི་ཤའི་འབུར་པོ། །ནང་རྗེ་ཁྱིམ་གྱི་བདག་པོ་ཡི། །སྙན་མིང་ནང་དང་བཅས་པ་ནི། །ཁོན་དང་བཅས་པའམ་ཞེ་འགྲས་པ། །ན་གི་ཉ་ཁྲབ་ཅན་གྱི་ནི། །ཕྱི་ཡི་རུས་པ་ནེ་འུ་ལེ(སྲེ་མོ་ཡང)། །སྲེ་མོང་ནུ་རྫི་ཉིང་ཁུའམ་ཆང༌། །ནོམ་ཉུག་རེག་པ་ནམ་ཚོང་ནི། །བྲང་ངམ་བྱང་ཁོག་ན་ལེ་གཤམ། །ཕོ་བ་རི་དང་ནལ་ཟེ་ནི། །སྐྱོགས་ཀྱི་མིང་སྟེ་ན་རྐྱང་ངོ༌། །

གནག་ནི་ནག་པོའམ་རི་ཕྱུགས་དང༌། །གནའ་དང་གནའ་བོ་ཐོག་མའམ་སྔོན། །གནམ་པོ་ཞེས་པ་དྲང་པོ་དང༌། །དཔང་པོ་དང་ནི་བཞད་གད་མིང༌། །གནད་ལ་སྒྲེ་བ་གཡོ་ཐབས་ཀྱིས། །གནོད་པར་བྱེད་པའམ་ཡོན་པོ་དང༌། །གྱ་གྱུའི་རྣམ་པ་གནམ་རུ་གཞུ། །གནས་ངན་ལེན་ནི་ལྟུང་བ་དང༌། །བག་ཆགས་ངན་དང་གནུབས་(བྱམས་པ་དཔལ་གྱི)ནི་རུས། །གནམ་གཟེར་ཞེས་པ་ཕྱིང་གུར་གྱི། །གདན་ཤིང་གནས་ནས་སྤེད་པ་ནི། །གནས་ནས་ཕྱུང་བ་གནོང་མི་བཀུར། །ཉེས་པ་ཁས་མི་ལེན་པ་དང༌། །གནམ་བསྐོས་སྐུ་བསོད་གས་འཕུལ་ནའོ། །

མནག་པ་བཟོད་པའམ་བསྲན་པ་དང༌། །མནབ་རྩལ་ཁ་ཟས་མནབས་པ་ནི། །གྱོན་པ་མནའ་ནི་དྲང་པོའི་ཚིག །མནོག་པ་མང་པོ་མནོག་ཆུང་ནི། །ཁེ་ཆུང་མནོ་བ་བསམ་པའི་དོན། །མནངས་ནི་ནོམ་པའམ་སྲིད་དང་ནི། །མནར་བ་སྡུག་ཏུ་བཅུག་པ་སྟེ། །མནོལ་རི་གྲིབ་ཅན་མནམ་པ་ནི། །དྲི་ངན་པ་དང་མནོས་ཞེས་པ། །བླངས་དང་ཐོབ་དང་བསམས་པའི་དོན། །མནོག་ཟན་(སྣོག་ཟན་ཟེར་)འཁུར་བ་མས་འཕུལ་ནའོ། །

རྣ་གྲུ་བཀང་ནི་མདའ་འཕེན་པ། །རྣ་བླགས་རྣ་བ་བྱོ་བ་གཉིས། །རྣ་བ་གཏད་དང་རྣང་ནི་ཞིང༌། །རྣང་རྒལ་ལ་སོགས་ཞིང་ལས་དང༌། །ཆུ་འགྲོའི་མིང་ངོ་རྣམ་འདལ་ནི། །རྣམ་འདུད་རྣ་སྦྲང་མདེའུའི་མིང༌། །རྣིལ་ནད་སོ་རྙིལ་ནད་དང་ནི། །རྣལ་མ་ཡང་དག་པ་ཡི་དོན། །རྣ་རུ་འཁྲིག་པ་(རྒྱ་རྣ་རུ་ཡང་ཟེར)རྣོགས་པ་ནི། །བོས་པ་རྣོར་བ་བརྗེ་བ་དང༌། །རྣར་གཟོན་པ་ནི་མི་ཉན་པ། །རྣལ་དུ་ཕབ་ནི་གཞན་གྱིས་ནི། །འཚེ་བ་མེད་པར་རང་དབང་དུ། །གནས་པའི་དོན་ཏེ་རར་བཏགས་ནའོ། །

སྣ་བོ་གཙོ་བོ་སྣ་རྣོན་པོ། །སོ་བའམ་བྱ་ར་བ་དང་ནི། །སྣག་གི་གཉེན་མཚམས་ཕ་མ་འགའ། ། གཅིག་པ་ལས་སྐྱེས་སྤུན་ཟླ་སོགས། །སྣག་ཚ་དང་ནི་སྣག་དཔོན་གཉིས། །ཨ་ནེའི་བུ་འམ་སྲིང་མོའི་བུ༑ ༑སྣ་རུ་(རྣ་རུ་ཡང་)ན་རོ་སྣང་བརྙན་ནི། །འདྲ་འབག་སྣགས་པ་འབགས་པའི་མིང༌། །སྣམ་ཕྱིས་(རྣམ་ཕྱིས་དང་སྣམ་ཕྱིང་ཞེས་པའང་སྣང)དང་ནི་སྣམ་ཕྱིང་གཉིས། །ཕྱི་སའི་ཁང་པའམ་ཆབ་ཁང་སྟེ། །སྣམ་ཟུང་བུད་མེད་གཙོ་བོ་དང༌། །སྣམ་ཕྲན་ཞེས་པ་ཆོས་གོས་ཀྱི། །སྣམ་པ་སྣམ་ལོགས་ཟུར་རམ་རྒྱབ། །སྣུམ་པ་ལོངས་སྤྱོད་ཆེ་བ་དང༌། །སྣང་ནི་གསལ་བ་སྣེའུ་སྔོ། །སྣ་ཤ་སྦྱིན་དུ་མི་བཏུབ་ནི། །སྣ་ཐག་སྦྱིན་མི་རུང་བ་སྟེ། ། སུ་ལའང་དབང་མི་སྟེར་བའི་དོན། །སྣམ་བུ་(རྟ་བབས་ཀྱི་སྣམ་བུ་ལྟ་བུ)སྟེགས་སམ་ལན་ཀན་དང༌། །སྣད་ཡར་ཞེས་པ་རྨ་བཟོས་པ། །སྣྲེལ་ཞི་འཕྲེད་དམ་ལོགས་དང་ནི། །གོ་རིམ་འཆོལ་བ་སར་བཏགས་ནའོ། །

བརྣག་པ་བཟོད་དང་བསྲན་པ་དང༌། །བསམ་པའི་དོན་དང་བརྣངས་ནི་འགགས། །བརྣན་པ་ངེས་བཟུང་ཉིད་དང་ནི། །དགར་བའི་དོན་ནོ་བརྣུ་བ་དང༌། །བརྣུར་བ་གཉིས་ནི་འཐེན་པའི་དོན། ། བརྣབས་སེམས་གཞན་ནོར་ལ་ཆགས་པ། །བརྣོགས་པ་བསྡམས་པའམ་སྦས་པ་སྟེ། །བས་འཕུལ་ར་མགོ་ལྡན་པའི་ནའོ། །

བསྣམས་པ་ཐོགས་པ་བསྣངས་པ་ནི། །ཡི་ག་གྱེན་དུ་འཕྱུར་བ་དང༌། །བསྣད་པ་ལུས་ལ་སྐྱོན་བྱུང་བ། །བསྣོར་བ་ཕན་ཚུན་བརྗེས་པ་སྟེ། །བས་འཕུལ་ས་མགོ་ལྡན་པའི་ནའོ། །

༼པ༽

པ་ཅར་གོས་ཆས་པར་བུ་སྣོད། །པ་ན་ཞེས་པ་རིན་པོ་ཆེའི། །རིན་ཐང་ཚད་དུ་བྱེད་རྒྱུ་ཡི། ། ཟངས་ལས་བྱས་པའི་དོང་རྩེའི་མིང༌། །པར་ཏང་ཁྲ་བོ་གདན་གྲུམ་ཟེ། །པར་སིག་པ་ནི་མི་ཤི་ཤར། ། ལོངས་སྤྱོད་མཁན་གྱི་མིང་དུ་གྲགས། །པར་གྱིས་འཕར་ནི་རྒྱངས་ཀྱིས་འཕར། །པུ་ཤུ་སྤང་རྒྱའམ་མདའ་ཡབ་བམ། །སྤེན་པད་དང་ནི་ཡང་ཐོག་མིང༌། །པུས་པ་ལ་(པུ་ས་ལ་ཡང་)ནི་སྨན་འུ་སུ། །པུ་ཤེལ་རྩེ་ནི་རྩྭ་དྲེས་མའི། །རྩ་བ་པགས་བཀྲ་གཅན་གཟན་གཟིག །པུས་མཁྱུད་སྒོམ་ཐག་པོག་ནི་སྤོས། །པོག་ཕོར་སྤོས་པོར་པོ་ཟོས་ཀྱང༌། །ཇི་ལྟར་(ཡུལ་སྐད་ལ་པོ་མཐོར་ཟེར)ཐོགས་ཀྱང་ཞེས་པ་དང༌། །པོག་རི་ཞེས་པ་རུས་ཚིགས་ཀྱི། །མཚམས་དང་པུར་ནི་ཕུང་པོའམ་རོ། །པོག་རེ་བ་གམ་པ་རྐྱང་ངོ༌། །

དཔང་རྒྱ་ཡིག་བྲིས་དཔེ་མཁྱུད་ནི། །དམ་ཆོས་སྟོན་པར་འོས་པ་ལའང༌། །སེར་སྣས་སྦས་ཏེ་མི་སྟོན་པ། །དཔེན་པ་མཁོ་བའམ་འཕངས་པ་དང༌། །ཡིད་དུ་འོང་བའམ་གུས་པའི་དོན། །དཔུང་པོ་ཕུང་པོ་དཔོང་ས་ནི། །ཆོས་གྲྭའམ་ར་སྐོར་ལྟ་བུའི་མིང༌། །དཔྱ་ནི་སྟོན་གྱི་དྲུག་ཆའི་ཁྲལ། །དཔྱ་བ་འཕྱ་བ་དཔྱས་ནི་འཕྱས། །དཔྱང་ཐག་འཛིན་པ་ཐེ་ཚོམ་སྟེ། །དཔྱང་ཐག་ཕྱོགས་ནི་གང་ལ་ཡང༌། །མ་རེག་པ་ཡི་ཐག་པའོ། །དཔྱིད་ནི་རྒན་པོའམ་དར་ཡོལ་མིང༌། །དཔྱིས་ཕྱིན་པ་ནི་གཏིང་ཕྱིན་པ། །དཔྲེ་བ་བརྫེས་པ་དས་འཕུལ་དའོ། །

སྤ་བ་མཛེས་པའམ་བྱིན་ཆགས་པ། །སྤ་ལོ་སྤོབས་པ་སྤ་བཀོང་བ། །ཞུམ་ཞིང་དངངས་པར་བྱེད་པ་དང༌། །ཟིལ་གྱིས་གནོན་པའི་དོན་ལ་འཇུག །སྤ་གོང་བ་ནི་ཡུལ་ཡུལ་དུ། །གྱུར་པའི་མིང་དང་སྤགས་(སོ་སོའི་སྤགས་ལྟ་བུ)ནི་འཕགས། །སྤང་བ་མི་འཇིགས་སྤགས་པ་ནི། །བསྔོས་པའམ་སྟ་གོན་བྱས་པའི་དོན། །སྤ་ཤུག་ཁྱོ་ཤུག་སྤབས་ནི་བརྩིགས། །སྤངས་པ་བཅོལ་བ་སྤུད་ནི་བརྒྱན། །སྤུ་བསྙལ་བ་ནི་ཉེས་པ་དག །བཤགས་པའམ་ཞེ་སྡང་ཞི་བ་དང༌། །སྤུ་སྙོལ་བ་ནི་ལུས་ངག་དང༌། །ཡིད་ཀྱི་ཞེ་སྡང་ཞི་བྱེད་པའོ། །སྤེད་དང་སྤོར་དང་སྤར་བ་གསུམ། །སྤོ་བའི་མིང་དང་སྤོག་མ་སྣོད། །སྤུ་ལ་བབ་དང་སྤུས་བརྟགས་པ། །སྤུས་ཕབ་པ་རྣམས་རུང་བའམ། །བློ་ལ་འབབ་དང་སྤེན་ཏོག་རྒྱན། །སྤེ་འུ་སྡོང་བུའམ་མཁར་གྱི་མིང༌། །སྤུན་པ་བསྟུན་པའམ་བསྲེས་པ་དང༌། །བརྫུན་པ་ཤུན་པ་རྣམས་ལ་འཇུག །སྤོགས་པ་སྐྱེད་དང་བུན་ཡིན་ཏེ། །སྤོགས་བགྱིད་པ་ནི་ཚོང་ལ་ཁེ། །ཐོབ་ན་རྒྱག་ཅིང་མ་ཐོབ་ན། །མི་རྒྱག་པ་ཡི་དོན་དང་ནི། །མང་ཉོ་དཀོན་འཚོང་ལ་ཡང་འཇུག །སྤོང་བ་རྩེ་བ་སྤུ་ཟིང་ནི། །བ་སྤུ་ལྡང་དང་སྤད་ནི་བུ། །སྤུ་ལོང་འདུན་ལས་སྤུ་སུད་ཁྲོ། །སྤུར་བ་སྦྱིན་དང་སྤེད་ས་ནི། །ཆུང་བའི་དོན་དང་སྤོད་ཅེས་པ༑ ༑ཟས་ཀྱི་མདོག་རོ་སྒྱུར་བྱེད་རྫས། །སྤོན་པ་གཏོང་བའམ་བརྡུང་བ་དང༌། །སྤོབས་པ་ཆེ་ནི་བློ་གྲོས་ཆེ༑ ༑སྤོས་ཉུག་སྤོས་བྱུག་སྤོས་གཏུལ་བ། །དུ་བ་བསྐྱིལ་དང་སྤོ་མཐོན་པོ། །སྤོར་གོར་ཕོར་པ་སྤུར་དང་སྤར། །འཕུར་དང་འཕར་བ་དག་ལ་འཇུག །སྤྱང་ཚགས་(དཔྱང་ཚགས་ཀྱང་)ཆུ་ཚགས་སྤྱི་བོ་རྩེ། །སྤྱངས་པ་འཇུས་པ་སྤྱིངས་ནི་བྱིངས། །སྤྱང་པོ་གྲུང་པོའམ་ཡ་རབས་དང༌། །མི་ངན་རྣམས་དང་སྤྱོན་པ་ནི། །ཚུར་ཕེབས་ལྟ་བུ་འབོད་པའི་བརྡ། །སྤྱི་བརྟོལ་ཆེ་དང་སྤྱིས་བཙན་པ། །དཔྲལ་ཀོ་མཐུག་དང་སྤྱིན་འབྱར་བྱེད། །སྤྱན་པ་གཉེར་པའམ་བྱ་ར་བ། །སྤྱན་ཁྱེར་གདོང་ཡིག་སྤྱུགས་ནི་བསྐྲད། །སྤྱི་བུངས་སྤུ་ཟིངས་བྱེད་པ་དང༌། །སྤྱིལ་བུ་ཁང་ཆུང་སྤྱར་མ་ནི། །ཁྱོ་གཞན་དང་འགྲོགས་བུད་མེད་དམ། །ཉེས་པར་སྤྱོད་པ་ཅན་གྱི་མིང༌། །སྤྱོ་བ་འཐབ་པའམ་སྨོད་པ་དང༌། །སྤྱོས་པ་བསྡིགས་དང་ཚར་བཅད་པའམ། །ཁྲོས་པ་ཁ་སྨྲས་འཐབ་པའི་དོན། །སྤྱི་ཅེར་སྤྱི་ཐེར་སྤྱོམས་པ་ནི། །ངོམས་པའམ་བདག་ལ་བསྟོད་པ་དང༌། ། སྤྱི་ཏོར་གཙུག་ཏོར་སྤྲས་པ་བརྒྱན། །སྤྱན་ལྕིབས་(མིག་ལྤགས་ཀྱང)མིག་སྤྲིན་སྤྱི་འུར་ནི། །བྱི་བོ་སྤྲ་ཚིལ་སྦྲང་སྙིགས་དང༌། །སྤྲབས་པ་ཟས་དང་སྤྲིབས་པ་ལྟོགས། །སྤྲུག་པ་ཟད་པའམ་(ཅི་ཅིར་ཡང་)ཕྱི་བའི་དོན། ། སྤྲོག་མ་ལྕུག་མ་ལས་བྱས་སྣོད། །སྤྲ་བ་མེ་ལེན་སྤྲུ་མ་སྔོ། །སྤྲ་ཆལ་འགྱུར་བྱེད་སར་བཏགས་པའོ། །

༼ཕ༽

ཕ་གུ་ས་ཕག་ཕ་བི་དང༌། །ཕ་ལོགས་གཉིས་ནི་ཕ་རོལ་མིང༌། །ཕ་བ་དགོ༌དགོ༌(འདིའི་ཡུལ་སྐད་ལ་སྣ་ཚོགས་ཡོད་)སྤང་ཤ་དང༌། །ཕང་ལོ་འཁོར་ལོ་ཕང་མཁན་པ། །རིགས་ངན་པ་དང་ཕུ་བོ་ནི། །ཇོ་ཇོ་ཕུ་ནུ་གཅུང་པོ་དང༌། །ཕ་སྤད་ཕ་བུ་ཕམ་ཕབ་ནི། །ཟས་ཀྱི་ལྷག་མའམ་གསོལ་རས་ཏེ། །ཕང་འགྲོ་པི་ཝང་ཕུར་མ་ནི། །དར་རས་སོགས་ཀྱི་ཐུམ་བུ་དང༌། །ཕོ་ཤ་བཙོས་པ་འམ་ཕུང་ཀྲོལ་ནི། །དོན་མེད་པ་འམ་ཕུང་བྱེད་དང༌། །ཉེས་པ་མང་པའི་རྩ་བའོ། །ཕོལ་མིག་(འབྲུམ་བུ་ཕྲ་མོ་ཡོད་པ་ཞིག་གོ)འཁོར་ལོའམ་རྨའི་བྱེ་བྲག །ཕོ་ཐེག་པ་དང་ཕོ་ཆེ་བ། །ཁེངས་པའམ་ལྟ་བ་མཐོ་བའི་མིང༌། །ཕེ་ཕེ་ཞེས་པ་ཞིབ་མོ་དང༌། །ཕུབ་མ་སྦུན་པའམ་འབྲུའི་ཤུན་པ། །ཕན་ཕན་ཞེས་པ་ཅལ་ཅོལ་དང༌། །མ་རུང་ཉིད་དུ་གྱུར་པའི་དོན། །ཕུ་ཐག་ཆོད་ནི་གཏིང་ཕྱིན་པ། །ཕུད་བུ་དཔྲལ་བར་བཅིངས་པའི་སྐྲ། །ཕེག་རྡོབ་(ཏིང་ཤགས་ལས་ཅུང་ཆེ་བའི་རོལ་ཆ་)ལག་པའི་རོལ་མོ་དང༌། །ཕོ་ལོང་དྲུ་གུ་ཕོངས་པ་དབུལ། །ཕོན་པོ་ཚོགས་པ་ཕོམ་པ་ནི། །བུམ་པའི་མིང་དང་ཕུན་ཚུགས་པ། །གཞི་ཚུགས་པ་དང་ཕེབས་པར་སྨྲ། །དམིགས་ཀྱིས་དྲི་བ་བྱེད་པའམ། །བག་ཕེབས་ཡིད་གཅུགས་གཏམ་སྨྲ་བ། །ཕུ་ཤུ་སྐ་རགས་ཕུར་ཚུགས་ནི། །ཨུ་ཚུགས་ཕུབ་ཁ་ཕམ་ཁའི་མིང༌། །ཕོག་སྙ་ཆེ་ནི་བསྲན་ཆེ་བ། །ཕུ་དུད་གུས་འདུད་ཕོག་གུ་ཅན། །སྐ་རགས་རྒྱན་ཅན་ཕོན་ཏེ་དང༌། །ཕོལ་ཏེ་ཕན་ཏེ་ཕོ་ཤལ་ནི། །བྱིས་པ་གླེན་པའམ་ཐ་ཤལ་མིང༌། །ཕོད་པ་ཐུབ་པའམ་ནུས་པ་དང༌། །སྙིང་སྟོབས་ཆེ་ལ་ཕོལ་ནི་རྟོགས། །ཕོད་ཀ་སྔགས་པའི་གོས་ཀྱི་མིང༌། །ཕྱ་མཁན་མོ་མ་ཕྱག་སྦལ་བཙོན། །ཕྱ་ལེ་བ་ནི་མཉམ་པ་དང༌། །ཕྱག་བརྙན་འཁོར་གཡོག་ཕྱག་དར་ནི། །ཕྱགས་སྙིགས་ཕྱག་བདར་བྱི་དོར་ལས། །ཕྱག་ལས་ཁོམ་ནི་ར་རོ་བ། །ཕྱམ་ཕྱད་(ཕྱལ་དཔྱད་དང་ཆམ་ཆད་ཀྱང་)མཉམ་ཉིད་ཕྱིས་བུ་(ཟངས་གཞོང་ལྟ་བུའི)སྣོད། །ཕྱང་ཡར་འཕྲིན་ལས་ཕྱི་མོ་ནི། །རྩ་བའམ་མ་ཕྱི་དང་བཙུན་མོ། །ཕྱི་ཕྱིར་སླར་ཡང་ཕྱགས་ནི་ལྷམ། །ཕྱགས་དག་བསིལ་ནི་ལྷམ་ཕུད་པ། །ཕྱར་གཡེང་རྣམ་པར་གཡེང་བའམ། །ཡང་ན་རང་ཉིད་འདོད་པའི་ཆོས། ། གཞན་ལ་ངོམས་ཤིང་སྒེག་པའི་དོན། །ཕྱང་ཕྲུལ་(འཕྱང་ཕྲུལ་དང་འཕྱང་སྤྲུལ་ཡང་)དོ་ཤལ་སོགས་ཀྱི་རྒྱན། །ཕྱང་ཆད་ཐག་བཅད་ཕྱང་ངེ་བ། །འཇོལ་ལེ་བ་དང་ཕྱལ་གྲོད་པ། །ཕྱད་པར་རྟག་ཏུའམ་རྒྱུན་པར་མིང༌། །ཕྱམ་(འཕྱམ་ཡང)ནི་ལྕམ་སྟེ་ཐོག་གི་ཤིང༌། །ཕྱི་ཉུག་སྤྲང་པོ་ཕྱི་བི་དང༌། །ཕྱིས་བུ་ཞེས་པ་ཕྱི་རོལ་མིང༌། །ཕྱི་ལང་མཐོ་བ་གཤིས་ངན་པ། །ཕྱུགས་ཕྱུང་(ཆུང་ཡང)གཞོན་ནུ་ཕྱིད་པ་ནི། །དར་ཡོལ་དང་ནི་རྒན་པོའི་མིང༌།། ཕྱེམ་རེད་ཕྱི་དྲོའམ་དགོང་མོ་དང༌། །ཕྲག་དབྱུང་རིང་འགག་ཕྱད་ཀྱིས་འགྲོ །ཞེས་པ་ཤར་(བཤོལ་ཐབས་ཅུང་ཟད་ཀྱང་མེད་པར་འགྲོ་བའི་དོན་ནོ)སེ་འགྲོ་བའི་དོན། །ཕྲུ་ནི་ཕྱེ་མའམ་ཕུབ་མ་དང༌། །རྔོག་མ་ལ་འཇུག་ཕྱག་ཚང་ནི། །ལག་བདེ་བ་འམ་ཐབ་གཡོག་པ། །ཕྲུགས་ནི་ལྡན་པའམ་སྡེ་ཚན་དང༌། །ཟུང་སོགས་ལ་འཇུག་ཕྱག་པ་ནི། །བམ་པོའམ་དུམ་བུ་སོགས་ལ་འཇུག །ཕྱིས་གནོན་ཟིལ་གནོན་ཕྲུ་མ་ནི། །ཕོ་བྲང་དང་ནི་དམག་སྒར་དང༌། །བུ་རོག་ཤ་མ་རྣམས་ལ་འཇུག །ཕྱི་ས་བཤང་བ་ཕྲ་མེན་མ། །ལྷ་མིན་སྲིན་པོའི་རིགས་ཀྱི་མིང༌། །ཕྱགས་མ་སྡུད་བྱེད་དང་དག་བྱེད། །ཕྱིར་ཞིང་དབྱུང་ནི་འཕེལ་བ་དང༌། །ཕྱམ་སྟན་དམག་སྒར་ཕྲུ་མ་ནི། །ཁོག་མ་ཕྲུམ་ཚུད་(ཕྲུམ་ཚུད་ནི་འོ་མ་དང་དར་བ་བསྐོལ་བའི་སྙིགས་མ་ཡིན་པར་ཡང་བཤད་དོ)ཞོ་ཡི་སྣོད། །ཕྲུམ་ནི་ཞོའམ་དར་བ་དང༌། །ཕྲུམ་ཁུ་ཆུར་ཁུ་ཕ་རྐྱང་ངོ༌། །

འཕགས་པ་འཇུག་པའམ་འགྲོ་བ་དང༌། །གནས་ནས་བསྐྱོད་པ་འཕར་གླེགས་བུ། །འཕན་པ་ཆག་པའམ་ཉམས་པ་དང༌། །འཕོངས་པ་ཉོན་མོངས་འཕོང་ནི་མདའ། །འཕྱ་བ་སྨོད་པ་འཕྱར་ཀ་གཏོང༌། །བརྫུན་གྱིས་སུན་འབྱིན་པ་སོགས་དོན། །འཕེ་འུ་གསོལ་བ་འཕངས་ནི་སྲིད། །འཕྱོ་བ་ལྡིང་བ་འཕོངས་(ཕོངས་ཀྱང)ནི་རྐུབ། །འཕྱན་ནི་འཁྱམས་པའམ་ཡན་པ་དང༌། །འཕྱར་ནི་ཁང་པའི་མདའ་ཡབ་མིང༌། །འཕྱེ་བ་འགྲོ་བ་འཕྱེ་བོ་ནི། །གོང་པོའམ་ལྟོ་བས་འགྲོ་བའི་དོན། །འཕྱོན་མ་བུད་མེད་སྨད་འཚོང་མ། །འཕྱུགས་ནི་ནོར་བའམ་འཁྲུལ་བ་དང༌། །འཕྱང་མོ་ཉུག་ནི་ཐེ་ཚོམ་མིང༌། །འཕྲེད་གཏན་སྒོ་ཡི་གཡག་ཤིང་དང༌། །འཕྲལ་བ་དཔྲལ་བ་འཕྲོད་ཚོགས་པ། །འཕྲིགས་པ་གོ་བའམ་ཤེས་པ་དང༌། ། འཕྲོ་ཡེ་མ་ཐོད་ཅེས་པ་ནི། །འཕྲོ་ནི་གཏན་ནས་མེད་པའི་དོན། །འཕྲིག་ཚུད་པ་ནི་སྤྱང་པོ་འམ། །ངེས་པ་རྙེད་པའམ་ངེས་ཤེས་འདྲོངས། །ཁོང་དུ་ཆུད་པ་འས་འཕུལ་ཕའོ། །

༼བ༽

བ་ལང་མིག་ནི་སྐར་ཁུང་དང༌། །བབ་བབ་དང་ནི་བབ་ཅོལ་གཉིས། །འཕྲལ་མའམ་མ་བསམ་པར་སྨྲ་བ། །བགས་ཀྱིས་རིམ་གྱིས་བར་འགའ་ནི། །རེས་འགའ་བང་སོ་དུར་གྱི་གནས། །བས་པ་ཟད་པའམ་མཐའ་དག་པ། །བས་མཐའ་གྲོང་མཐའ་ཟད་པའི་ས། །བོང་བ་བོ་རྡོའམ་ས་རྡོག་སྟེ། །བས་བལྡགས་རེག་དུག་ནད་ཀྱི་མིང༌། །བན་ལང་བ་ལང་བུལ་ནི་འགོར། །བུམ་བུ་བུམ་ཆུང་བེ་ནོ་ནི། །འཛིན་པ་བན་བུན་ཐར་ཐོར་རམ། །ཟ་ཟིར་ངོས་བཟུང་མེད་པ་ཡང་། །བུས་པ་བྱིས་པ་བག་དྲོ་བ། །ཡི་གར་འོང་དང་བརྗིད་ཆགས་པ། །བོག་རེ་དྲལ་བའམ་བ་གམ་དང༌། །བོན་པ་བཟླས་པའམ་བྱུང་བའི་མིང༌། །བག་ལ་ཞ་ནི་བག་ལ་ཉལ། །ཞེས་སམ་ལྐོག་ཏུ་གྱུར་པ་དང༌། །བག་བརྐྱངས་འཛེམ་པ་མེད་པ་སྟེ། །བག་ཞད་ཕྱོགས་ཙམ་བག་རེ་ནི། །ཅུང་ཟད་རེ་དང་བམ་པོར་སྦྲེས། །མཉམ་པོར་བསྡམས་པ་བིམྦ་པི། །རྒྱ་སྐྱེགས་མེ་ཏོག་དམར་པོ་དང༌། །བོགས་པ་བརྒྱལ་བ་བུབས་རིལ་པོ། །བད་དང་བ་མོ་ཟིལ་བ་སྟེ། །མཚན་དུས་བབས་པའི་གྲང་རེག་ཅན། །བ་ཡར་བེའུ་བཙས་པ་ནས། །ཡུན་རིང་མ་ལོན་བ་མོའི་མིང༌། །བོགས་ནི་བསྐྱེད་དམ་ནུས་པ་སྟེ། །བོགས་འདོན་པ་ནི་བསྐྱེད་འདོན་པ། །བེ་རེག་སྣུམ་འཁུར་ནང་ཚང་ཅན། །བེའུ་བུམ་པོ་ཏི་ཆུང་ངུ་དང༌། །བལ་བ་ཛ་ནི་རྩྭ་དྲེས་མ། །བི་ཤི་ཀ་ནི་སྲང་བར་ལམ། །བག་ཚ་བ་དང་བག་འཁུམས་པ༑ ༑གདོང་པ་སྨད་ཅིང་སྙིང་འདར་བ། །སྡར་མའི་རང་བཞིན་ཅན་གྱི་མིང༌། །བག་རྐྱོང་བ་ནི་སྐྱེངས་མེད་དམ། །འཚེར་མེད་པ་སྟེ་བུ་ཟན་མོ། །མཁའ་འགྲོ་མ་འམ་སྲིན་མོའི་མིང༌། །བྱ་སྐོན་བྱ་རྒྱ་བྱ་མ་རྟ། ། ཕོ་ཉའམ་བང་ཆེན་ཉན་རྣ་བ། །བྱ་ན་ཚོད་མ་བྱན་མོ་ནི། །ནང་མའམ་ཟས་གཡོས་སྦྱོར་མཁན་མ། །བྱ་དགའ་རྔན་པ་བྱུག་རིས་གྲལ། །བྱ་མོ་ལབ་ནི་མཆོད་པའི་རྫས། །བྱས་པ་གཟོ་བ་དྲིན་གྱི་ལན། །བསབ་དང་བྱ་རྨྱང་རྙོང་ཤད་མིང༌། །བྱུག་པ་ཞལ་བ་བྱུལ་ནི་མྱུལ། །བྱད་སྟེམས་དྲང་སྲོང་དམོད་པའི་ཚིག །བྱོས་ཤིག་གྱིས་ཤིག་བྱུར་མྱ་ངན། །བྱེར་ནི་སོང་ངམ་བྲོས་པ་སྟེ། །བྱོ་བ་རྣམ་པར་འཇེབས་པའི་མིང༌། །བྱི་བོ་རྒྱན་དང་བྲལ་བ་དང༌། །ལོག་གཡེམ་སྤྱོད་པའི་ཕོ་འཕྱོན་པ། །བྱ་ར་སོ་བལྟ་བྱིབས་གཡོགས་པ། །བྱིལ་བྱིལ་ཞུལ་ཞུལ་བྱད་ནི་གདོང༌། །བྱུ་རུ་ལུགས་སུ་བཤད་པ་ནི། །དྲང་པོར་སྨྲ་བའི་དོན་ཉིད་དང༌། །བྱེའུ་ཟུལ་ས་འོག་འཛུལ་བའི་མིང༌། །བྱུར་བུ་སྤུངས་པའམ་གང་བ་དང༌། །བྱོན་ནི་སླེབས་ཟིན་བྱིད་ནི་ཡལ།། བྱི་མོ་གཡོག་མོ་བྱུང་རྒྱལ་སྨྲ། །མ་བསམ་གང་ཐོན་སྨྲ་བའི་མིང༌། །བྲག་ཅ་བྲག་ཆ་བྲེ་མོའི་གཏམ། ། ལོང་གཏམ་བྲེ་བ་འཐེན་པའི་མིང༌། །བྲང་ཁང་གནས་ཁང་བྲུབས་པ་ནི། །བསྡུས་པའམ་དོ་དམ་བྱེད་པ་སྟེ། །བྲུལ་བ་ལྷུང་བ་བྲུ་བ་དང༌། །བྲུ་བ་ཚ་བ་བཀྲེས་སམ་ལྟོགས། །བྲིམས་པ་བསྟབས་པའམ་བྱིན་པ་དང༌། །བྲིད་པ་བསླུས་པ་བྲོང་ནི་སྡོད། །བྲོ་ནི་མནའ་འམ་གལ་ཡིན་ཅིང༌། །བྲོ་བོར་བ་ནི་མནའ་བསྐྱལ་བ༑ ༑བྲུངས་ཀྱང་ཀུན་ཀྱང་བྲོ་འཚལ་ནད། །བྲུད་བྲུད་ཆུང་ཆུང་བྲེག་སྤྱད་ནི། །སེན་མོ་འདྲེག་པའི་སྤྱད་ཀྱི་མིང༌། །བྲོད་པ་འདོད་དང་སྤྲོ་བ་དང༌། །བྲེས་ནི་བརྒྱན་པའམ་རྟ་ཡི་བྲེས། །བྲང་བྲེང་ཉུང་ངུའམ་ཕྲ་མོ་དང༌། །བྲུག་པ་འདྲིལ་བ་བྲེད་འཇིགས་སྐྲག །བྲེད་ཤ་ཐོན་པ་དངངས་སྐྲག་གི །ཉམས་ནི་ལྷག་པར་ཐོན་པའི་མིང༌། །བླ་ནི་རུང་ངམ་བཟོད་དམ་ཆོག །བླ་བསྐྱལ་བ་ནི་མི་ཟད་པ། །བླ་དྭགས་རྣམ་གྲངས་བླ་བོ་(གླང་པོ་ཡང་)ནི། །ཡུལ་སྐད་སྨྲ་བའི་གཏམ་དང་ནི། །ཤ་ཚའི་བསླབ་བྱ་དག་གི་མིང༌། །བླ་ཁྱད་དྲེགས་པ་བླ་གབ་ནི། །སྟེང་གཡོགས་བླ་གོས་སྟེང་གོས་མིང༌། །བླ་གཉན་སྟོན་པའམ་ཉེར་འཚེ་དང༌། །བླ་ཐབས་གློ་བུར་བླ་མཐང་ནི། །སྟོད་སྨད་དང་ནི་ཕྱི་ནང་ཡིན། །བློན་འདེབས་ཟུར་ནས་གྲོས་འདེབས་དང༌། །ཆོས་སྟོན་པ་དང་བློས་མ་ལྕིབས། །བློ་རྒྱ་ཆུང་དང་བླ་བརྡོལ་དང༌། །བླ་ཅོལ་གཉིས་ནི་བབ་ཅོལ་ལོ། །བླ་ན་སྨྲ་བའམ་ཟེར་བ་དང༌། །བླ་ན་མེད་ནི་གོང་ན་མེད། །བླ་འོག་སྟེང་འོག་བློ་བསྲན་ནི། །བློ་བདེ་བློ་འདྲོག་བློ་མྱུར་བ། །བློ་བུག་བུག་པ་བློ་བློང་དང༌། །བློང་བློང་གཉིས་ནི་ཡི་མུག་གམ། །རིག་པ་མི་གསལ་བ་ཡི་མིང༌།། བློ་སྒམ་ཟབ་པ་བླ་སྐྱེས་ནི། །ཤོ་གམ་རྫས་སམ་གྲུ་བཙས་མིང༌། །བློ་བརླུག་གྲོགས་པོ་བློང་བ་ནི། །རྨུགས་ཤིང་ཡི་ཆད་བ་རྐྱང་ངོ༌། །

དབང་ཐང་ཆེ་བ་སྐལ་བ་ཆེ། །སྐལ་བ་བཟང་དང་དཔལ་ཆེ་བ། །དབའ་ནི་ཞེ་ས་དབབ་པ་ནི། ། འབེབས་དང་ཕབ་པའམ་བཞག་པའི་མིང༌། །དབལ་ནི་ཏོག་དང་རྩེ་མོ་དང༌། །ཤ་ཉམས་པ་དང་མེ་ཡི་དྲོད། །དབོན་ནི་དཔོན་དང་ཚ་བོའི་མིང༌། །དབའ་རླབས་རྦ་རླབས་དབུ་རྨོག་ནི། །དབུ་འཕང་དབུང་ནི་དབུས་སམ་དཀྱིལ། །དབང་ཟ་བ་ནི་སྨོད་པ་དང༌། །དབུ་སྙུང་མནའ་ཚིག་བོར་བའི་དོན། །དབོག་པ་ཕོག་དང་སྦྱིན་པར་བྱ། །དབགས་པ་འབགས་པ་དབུབ་ནི་ཕུབ། །དབུ་བ་ལྦུ་བ་དབྱིག་ནི་ནོར། །དབོས་པ་སྦོས་པ་དབྱེ་ནི་ཐང༌། །དབྱེ་ཚོང་ཚོང་ཁང་དབྱེན་ཅོ་བ། །སྡང་བར་བྱེད་དང་ཅོ་འདྲི་བ། །དབྱེན་བཅོས་པ་དང་དབྱེན་སྤྱོ་བ། །འདོད་པས་སེམས་ནི་དབང་མེད་དུ། །མྱོས་པའམ་གཡོ་བའི་དོན་དུ་བཤད། །དབྱར་ཁང་དགེ་སློང་མའི་ཁང་པ། །དབྱིབས་མོ་གྱོ་མོའམ་རྫ་མ་དང༌། །དབྱིབས་ལེ་ཆུ་བསྲོའི་སྣོད་དང་ནི། །དབྱུ་གུ་ཤིང་བུའམ་ཆུ་ཚོད་མིང༌། །དབྱུ་གུ་སྐམ་ཁ་ཞེས་པ་ནི། །ཤིང་གི་ལྡེ་མིག་དབྱེས་ནི་ཞེང༌། །དབྲག་ནི་བར་དང་དབྲེ་བཙོག་པ། །དབྲེས་པ་བརྗེས་པ་དབྲོག་པ་ནི། །འཕྲོག་དང་དབྲལ་ནི་འཕྲལ་བའི་མིང༌། །དབྲེས་ཀྱི་མཚམས་ནི་རྒྱ་མཚོའི་རླབས། །དབྲད་པ་བྲད་པ་དས་འཕུལ་བའོ། །

འབོག་པ་(བོག་པ་ཡང)བརྒྱལ་བ་འབགས་པ་ཉམས། །འབོགས་པ་སྦྱིན་པར་བྱེད་པ་དང༌། །བརྒལ་དང་བརྩོན་པ་འབུངས་ནི་འབད། །འབོས་ནི་སྦས་ནས་མི་གསལ་བ། །འབུངས་བདོ་ནན་ཏན་འབོངས་པ་ནི། །ཐུབ་པ་དང་ནི་ནུས་པའི་མིང༌། །འབག་སྒོ་ཡོང་སྒོ་འབལ་བ་ནི། །འཐོག་དང་བྲེག་པའི་དོན་ལ་འཇུག །འབར་ཤ་བཀའ་བཀྱོན་འབེམ་ཆུ་སྣོད། །འབེལ་བའི་གཏམ་ནི་ཡང་དག་པའི། །གཏམ་དང་འབྱོར་འབྱིན་གཡོ་སྒྱུ་ཡིན། །འབྱོག་ནི་བལྡག་པ་འབྱེར་བ་ནི། །འགྲོ་བའམ་འདོང་བ་འབྲོས་པའི་མིང༌། ། འབྱེས་པ་མཛེས་པའམ་མཚམས་ཕྱེད་པ། །འབྱིན་ནི་འདོན་དང་ཕྱུང་བའི་མིང༌། །འབྱོལ་བ་བྱོལ་བ་འབྱིད་པ་ནི། །འདྲེད་(འགྲེད་ཀྱང)པའམ་རི་མོ་དབྱི་བའི་མིང༌། །འབྱངས་པ་བཤལ་བའམ་ཕྱིར་འབྱམས་པ། །འབྲམ་ཟེར་དུམ་གྲུགས་འབྲོམ་ནི་(རྒྱལ་བའི་འབྱུང་གནས་ཀྱི)རུས། །འབྲིམ་པ་སྟེར་བ་འབྱིལ་ནི་ལྷུང༌། །འབྲོངས་པ་ཉེ་བར་བསྟེན་པ་དང༌། །འབྲེང་མ་ཆད་ནི་རྒྱུན་མ་ཆད། །འབྲུབ་ཁུང་ཧོམ་ཁུང་འས་འཕུལ་བའོ། །

རྦོད་མ་སྐྱེལ་ནི་ཁྲལ་སྐྱེལ་བ། །རྦོད་གཏོང་དམོད་མོ་གཏོང་བ་སྟེ། །ར་མགོ་ཅན་གྱི་བ་ཡིག་གོ །

སྦལ་དུ་དོང་དུ་སྦུངས་ནི་སྟོབས། །སྦུངས་བསྐྱེད་དམ་བཅའ་བརྟན་པ་དང༌། །སྦུད་རུ་སྦུད་མཆུ་སྦེད་བྱེད་རྡོ། །སྦུར་མ་ཉལ་ཉིལ་སྦུན་པ་འདྲུ། །འབྲུ་ཡི་ཤུན་པ་བརྐོ་བའི་དོན། །སྦེན་ཏ་ཞ་ནི་ཡང་དག་མིན། །སྦེག་པ་དངོས་ངན་ཤ་ཆུང་བའམ། །སྐེམ་པའི་མིང་དང་སྦྱངས་པ་ཞི། །སྦུར་ལོངས་སྤོས་ཤེལ་སྦོན་པ་ཟ། །སྦྱག་མ་ཁྱེམ་དང་སྦྱོར་མི་བཟོད། །འགྲོ་མི་ནུས་དང་སྦྲུས་ནི་སྦགས། །སྦྱིག་མོ་གཅེར་བུ་སྦྱག་ཚེ་ནི། །ཤ་སྐེམ་པ་འམ་རིད་པ་དང༌། །སྦྱིག་པ་གོས་ཀྱིས་མནན་པའི་དོན། །སྦྱར་སྤྱད་མ་ནི་སྨད་འཚོང་མ། །སྦྲེའུ་བྱེ་མ་སྦྲེ་མོང་(དབྱི་མོ་ཡང་)ནི། །ནེ་འུ་ལེ་འམ་སྲེ་མོང་མིང༌། །སྦྲེབས་དང་སྦྲེས་ནི་ལྟོགས་པའམ། །འཁྱགས་དང་སྐེམ་པ་སྦྲིབས་པའང་ལྟོགས། །སྦྲུམ་མ་བུད་མེད་མངལ་ཆགས་མ། །སྦྲན་དང་སྦྲོན་པ་བསྐུལ་བ་འམ། །བཤད་དང་གོ༌བར་བྱེད་པ་དང༌། །བསྒོ་བའི་དོན་ཏེ་ས་མགོའི་བའོ། །

༼མ༽

མ་ལ་ཀྱེ་མའམ་ཀྱེ་ཧུད་དང༌། །མད་པ་བདེན་དང་མ་ཉེས་པ། །ལེགས་པའམ་གྲོས་མཐུན་པ་ཡི་མིང༌། །མ་མད་(མ་བུ་ལ་ཡང་)མ་དང་བུ་མོ་དང༌། །མི་ཆོག་མི་ཕོད་མི་འགོང་བ། །མི་ཞུམ་པའམ་མི་སྐྲག་པ༑ ༑མ་ཐན་པ་ནི་མ་ཞུམ་དང༌། །མ་སྟེས་མ་ལེགས་མི་བཀྱིག་པ། །མི་འགྱངས་པ་འམ་མྱུར་བའི་མིང༌།། མན་ནི་ཚོད་དམ་དུས་ཡིན་ཅིང༌། །མས་བཏང་འཇམ་རྩི་མི་ངས་(མུ་གེའི་དུས་ཀྱི་རིམས་ནད་ཀྱང་ཡིན་པར་བཤད་དོ)ནི། །མི་ནད་དང་ནི་རིམས་ཀྱི་ནད། །མི་བཟད་པ་ནི་གཏུམ་པ་འམ། །དྲག་པོའམ་དྲག་ཤུལ་མི་སྡུག་དང༌། །འཇིགས་སུ་རུང་བ་རྣམས་ལ་འཇུག །མི་མཇེད་པ་ནི་བཟོད་པའི་མིང༌། །མི་གཙིགས་སྤྱོད་པ་མི་རིགས་པའི། །བྱ་སྤྱོད་མི་སྐྱེར་མ་སྐྱེས་པ། །མ་རིག་ཙམ་དུ་དྲུང་དུ་བསྙེན། །ཞེས་པ་དྲུང་དུ་ཉེ་བའི་མིང༌།། མ་བརྟབས་མི་རིངས་མི་གཤའ་བ། །མི་རིགས་པའམ་མི་འོས་པ། །མ་རེད་མ་གྲུབ་མ་མཆིས་མེད། །མ་ནངས་མ་ལངས་པ་དང་ནི། །མི་ཆ་བ་ནི་མི་ཤེས་པ། །མིག་དམའ་ངོ་ཚ་མུ་ཅོར་ནི། །རྫུན་ནམ་ཁ་ཟེར་ཁ་དྲག་དང༌། །མུ་ཅོར་ཚ་ནི་ཁ་དྲག་ཆེ། །མུར་ཐུག་མཐར་ཐུག་མེལ་ཚེ་ནི། །ལྟ་རྟོག་པའམ་བྱ་ར་བ། །ཡང་ན་མཚན་མོའི་ཐུན་མཚམས་མིང༌། །མ་གླས་ཁྱད་བསད་མེ་མོ་སྒྱེའུ། །མ་དྲངས་པ་ནི་མི་བསྲུན་པའམ། ། མ་དུལ་བ་དང་མོག་མོག་ནི། །འོད་དང་གཟི་མདངས་མེད་པ་དང༌། །མི་སྡུག་ཡིད་དུ་མི་འོང་བ། །མི་གུ་མི་ཞུམ་མི་འཇམ་རྩུབ། །མི་ཡོགས་པ་ནི་མི་ཁེབས་པ། །མི་སློན་མི་བཟློག་མོང་བརྟུལ་(རྟུལ་ཡང)ནི། །བླུན་པོ་མོ་ཤམ་རབས་ཆད་མ། །མོན་སྲན་གྲེའུ་སྲན་ཆེན་དང༌། །མོན་སྲན་སྡེའུ་སྲན་ཆུང་སྟེ། །མེ་ཏོག་བཀོན་བུ་ཞེས་པ་ནི། །མེ་ཏོག་དག་གི་འཕྲེང་བའི་མིང༌། །མོང་དུ་ཆུད་ནི་ཁོང་དུ་ཆུད། །མུར་འདུག་མུ་སྟེགས་མོད་མི་དམའ། །དཔངས་མཐོའམ་ཕྲ་མོ་མ་ཡིན་པ། །མི་སྟོ་མི་འདྲེན་མོད་པ་ནི། །འབོལ་བའི་མིང་དང་མོད་ནི་འཕྲལ། །མོལ་བ་གཏམ་མམ་གྲོས་ཀྱི་མིང༌། །མུན་སྤྲུལ་མི་གསལ་བའི་དབང་གིས། །ལོག་པར་སྨྲ་དང་གྱ་ཚོམ་དང༌། །བྱུང་རྒྱལ་གཟུ་ལུམ་མེ་སྐོར་ནི། །ཆུང་མ་ལེན་པའི་ཆོ་ག་དང༌། །མུ་མེད་མཐའ་མེད་མུ་ཁ་གདོང༌། །མིག་ཕྱིར་གླན་ནི་མིག་ཕབ་པ། །མིག་གཡོར་སྨིག་རྒྱུ་ཆུར་སྣང་ངམ། །སྐྲ་ཤད་ལ་སོགས་མང་པོར་འཇུག །མིག་བཅར་བ་ནི་མིག་བཏོན་དང༌། །མིག་ལམ་ཆད་ནི་ས་སྲིབ་པ། །མུ་ལྟོ་(མུལ་ལྟོ་དང་མུ་སུ་པ་དང་མུ་ཏོ་པ་ཡང་)སྤྲང་པོ་མ་མོ་དང༌། །མ་ཕྱི་རྩ་བའམ་ཕྱི་མོ་སྟེ། །མུ་ཐུག་བགོབཤའ་བྱ་བའི་མིང༌། །མྱུག་མྱུག་རིབ་ཙམ་རིབ་ཙམ་དང༌། །མྱིག་མ་མཁན་ནི་རིགས་ངན་ཏེ། །མྱུལ་ནི་འཁྱམས་པ་མ་རྐྱང་ངོ༌། །

དམིགས་བུ་ལོང་འཁྲིད་དམུ་འབྱུང་པོ། །དམུན་པ་བླུན་པ་དམུས་ལོང་ནི། །ཁོང་ལོང་དམོད་པ་དྲག་པོའི་ཚིག །དམུས་པ་ཚི་ཆད་པ་དང་ནི། །ཡང་ཡང་ཉམ་ཉེས་གྱུར་པ་དང༌། །དམུས་བྱུང་(རྨུས་བྱུང་ཡང་)ཚི་ཆད་དམ་ཡི་ཆད། །དམུ་རྒོད་མི་བསྲུན་དམིག་བུ་ག །དམེ་(རྨེ་ཡང་)ནི་བཙོག་པ་དམེ་བོ་ནི། །རུས་གཅིག་ནང་གསོད་བྱེད་པའི་མི། །དམྱུགས་(ཉ་ཆུ་ནང་ནས་བཏོན་པ་ལྟ་བུ)ནི་ཕྱིར་བཏོན་དས་འཕུལ་མའོ། །

རྨ་བ་དྲི་བ་རྨ་ག་ཆད(རྨག་ཆད་ཀྱང)། །ཡང་དག་པ་འམ་ཕལ་པོ་ཆེ། །སྙན་གྱི་གོང་རྒྱན་ཞེས་ཀྱང་ཟེར། །རྨང་ནི་འགྲམ་མམ་རྩ་བ་དང༌། །རྨང་ལམ་རྨི་ལམ་རྨེ་བུ་ནི། །རྨ་བཟོས་པ་ཡི་རྗེས་ཉིད་དང༌། །རྨད་དང་རྨད་བྱུང་ངོ་མཚར་བ། །རྨངས་པ་ཤེས་པ་རྨེད་འདྲི་བ། །རྨས་པ་དྲིས་པའམ་ཉམས་པ་དང༌། །རྨུན་པོ་བླུན་པོ་རྨེལ་འཁེལ་བ། །རྨུས་པ་མུན་པའམ་སུན་པ་སྟེ། །རྨེ་བ་སྨྲ་བའམ་ཟད་དཀའ་བ། །རྨེག་མེད་གཏན་མེད་རྨེ་ངན་ནི། །ལྟས་ངན་རྨེད་དུ་ནི་གསོལ་དུ། །རྨེད་པ་གསོལ་བ་རྨེའུ་ནས། །རྨང་བུ་འཇབ་རྩེའམ་འདོམས་ཀྱི་སྤུ། །རྨྱ་བ་ཉམས་པའམ་གདུངས་པ་ནང༌། །ཞན་པ་ཉིད་དེ་རྨྱོ་ནི་ཉམས། །རྨང་བ་བརྐྱང་བ་རར་བཏགས་མའོ། །

སྨག་དང་སྨག་རུམ་མུན་པ་དང༌། །སྨག་ཆད་ཅེས་པ་མ་རིག་པའམ། །ཡང་ན་སྨག་རུམ་མེད་པའི་དོན། །སྨང་ཚེར་(རྨངས་ཀྱང)སྣ་སྤུ་འཐོག་སྤྱད་དང༌། །སྨད་ཆད་མ་སྨད་པ་དང་ནི། །སྨན་བཏགས་པ་ནི་ཕན་བཏགས་པ། །སྨན་པ་ཕན་པ་སྨོན་འདྲིན་ནི། །གྲོགས་པོའམ་གཉེན་བཤེས་སྨེ་ཤ་ཅན། ། སྡིག་པ་ར་ཙ་སོགས་ཡིན་པར། །བཤད་ཀྱང་རིགས་ངན་བཤན་པའི་མིང༌། །སྨེ་གབ་གསང་གནས་དགབ་པའི་གོས། །སྨས་པ་ལེན་ནི་བརྙས་ཆོས་བྱེད། །སྨྱང་བ་བརྐྱང་བ་སྨྱེ་ནི་ཞན། །སྨྱན་དང་སྨྱན་(གཉེན་ཀ་ཡང་)ཀ་བྱེད་པ་ནི། །བག་མ་གཏོང་ལེན་ནམ་གཉེན་སྡེབ། །སྨྱུགས་པ་བཅུག་པ་སྨྱུགས་ནས་ནི༑ ༑བཅུག་ནས་སྨྱེན་ནི་ཁྱེའུ་དང༌། །བུ་མོའི་ཁ་ལོ་བྱེད་པའི་དོན། །སྨྱུར་ཏེ་མྱུར་དུ་སྨྱུང་བ་ནི། ། ལྟོགས་དང་སྐོམ་པར་བྱེད་པ་དང༌། །སྨྱུགས་ཤད་སོ་མང་སྨྲང་འདོན་ནི། །ལུང་འདོན་སྨྲིག་ནི་གོས་ཚོས་མ། །སྨྲེ་ནི་སྡུག་བསྔལ་སྨྲེ་སྔགས་དང༌། །སྨྲེ་བ་ངན་པར་སྨྲ་བ་སྟེ། །སྨྲེག་པ་ཉམས་སམ་འཁོས་ཀ་འམ། །རྩ་བ་དང་ནི་ལྷག་མར་འཇུག །སྨྲེང་བ་སྨྲ་བ་སྨྲེང་ཚིག་ནི། །སྨྲ་བ་ཙམ་དང་གསང་ཚིག་གི ༑མིང་ལའང་འཇུག་སྟེ་ས་མགོའི་མའོ། །

༼ཙ༽

ཙབ་ཧྲལ་ཆགས་པས་ཀུན་བསླངས་པའི། །ཅ་ཅོ་འདོན་པའི་མིང་ཡིན་ཅིང༌། །ཙཱ་རུའི་བཟའ་བ་ཞལ་ཟས་(རབ་གནས་ཀྱི་ཆོ་གའི་ཡོན་བདག་བསྐོ་བའི་སྐབས་ཀྱི་བཟའ་བ)དང༌། །ཙ་ན་ཀ་ནི་སྲན་མའི་མིང༌། །ཙོབ་ནི་ལྟུང་བའི་ཁྱད་པར་དང༌། །ཙུམ་པ་ན་ནི་ཁ་སྦྱོར་བ། །ཙེ་ནེ་(རྩེ་ནེ་ཡང་)ཐམས་ཅད་ཙུག་ཙུག་ནི། །ཁ་ཟས་ཟ་བའི་སྒྲ་ཡི་མིང༌། །ཙོ་ཙ་ཀུ་ཤུ་ཙཱུ་ཏ་ནི། །ཨ་མྲའི་ཤིང་དང་ཙ་ཀོ་ར། །གོང་མོ་སྲེག་དང་ཙི་ཏི་མོ། །སྲེག་པའི་མིང་སྟེ་ཙ་རྐྱང་ངོ༌། །

གཙང་དམེ་བཙོག་པ་གཙུག་རྩེ་མོ། །གཙུག་ལག་སྡེ་སྣོད་དམ་གཞུང་ལུགས། །གཙུབས་པ་བསྲུབས་པའམ་དཀྲུགས་པ་དང༌། །གཙིགས་བཟུང་བ་ནི་གཅེས་པའམ། །ཁས་ལེན་པ་དང་གཙིགས་ཆེ་ནི༑ ༑གཅེས་སྤྲས་ཆེ་བའི་མིང་ཡིན་ལ། །གཙང་སྦྱོར་ཟས་ཀྱི་ཞལ་ཏ་བ། །གཙེས་པ་འཚེ་བ་གཙུབ་ཤིང་དང༌། །གཙུབ་སྟན་ཤིང་གི་སྦྱོར་བ་ལས། །མེ་འབྱིན་པ་སྟེ་གས་འཕུལ་ཙའོ། །

བཙངས་པ་བརྫངས་པ་བཙས་རྔན་པ། །བཙས་པ་སྐྱེས་པའམ་སྐྱག་པ་དང༌། །བཙན་འཇིང་གཏན་གྲོགས་བཙན་པོ་དཔོན། །བཙད་པོ་རྒྱལ་པོ་བཙན་ཐོད་དང༌། །བཙན་ཐབས་གཉིས་ནི་གློ་བུར་པ༑ ༑བཙའ་ནི་ལྕགས་ལ་སོགས་པ་ཡི། །གཡའ་དང་ལོ་ཐོག་གི་གནོད་པ། །བཙོག་པོ་རྡོ་འམ་ཕོ་བཙོག་དང༌། །བཙུད་ནི་བཅུག་པ་བཙེས་གནོད་པ། །བཙོ་ལག་མཁན་ནི་ཚོས་མཁན་དང༌། །བཙའ་བ་སྲུང་ཞིང་འཚོལ་བའི་དོན། །བཙུན་པར་བྱ་བ་བཀུར་སྟི་འམ། །མཆོད་པའི་མིང་སྟེ་བས་འཕུལ་ཙའོ། །

རྩ་འཇིང་རྩ་ལག་གཉིས་ནི་གཉེན། །རྩབ་མོ་སྐོམ་གྱི་བྱེ་བྲག་དང༌། །རྩང་ནན་རབ་བྱུང་བཏུང་བའི་མིང༌། །རྩྭ་ཐུན་པ་ནི་རྩྭ་འཐུ་མཁན། །རྩང་བ་གསང་བ་རྩབས་རུ་མ། །ཞེས་པ་ཞོ་ཡི་ཁ་ཆུ་དང༌། །རྩད་ནས་ཕྱུང་བ་རྩ་བ་ནས། །བཏོན་པའི་མིང་དང་རྩེན་པ་ནི། །རྩེ་བའམ་རོལ་བའི་དོན་ལ་འཇུག །རྩིག་གུ་རྩིག་པ་རྩེག་ལོག་ནི། །སྲེད་ཞེན་ཆེ་བའམ་ཕྲན་ཚེགས་དང༌། །རྩང་ནི་རྙི་དང་རྩི་དྲག་པོ། །རེག་བྱ་རྩུབ་པའི་རྫས་ཀྱི་མིང༌། །རྩེ་རྒོད་ལྷ་འབངས་སམ་འཁོར་གཡོག །རྩེ་གཞིལ་བ་ནི་འགོ༌ནོན་པའམ། །ནུས་པ་ཉམས་པར་བྱེད་པའི་མིང༌། །རྩེར་ཕྱིབས་མཐར་ཕྱིན་རྩོགས་པ་ནི། ། འཕེལ་བའི་མིང་སྟེ་རར་བཏགས་ཙའོ། །

སྩེལ་བ་ཞེས་པ་སེལ་བ་དང༌། །སྩོགས་པ་སོགས་པ་སར་བཏགས་ཙའོ། །

བརྩགས་པ་བསྡིགས་པ་བརྩམ་པ་མེད། །བསྲི་བ་མེད་དང་བརྩལ་བ་ནི། །སྐྱུགས་པའམ་སྤྱད་པ་དང་གཞོལ་བ། །བརྩུ་བ་བསུ་བ་བརྩམས་པ་ནི། །འདུ་བ་བརྩེངས་པ་བརྫེས་པ་སྟེ། །བས་འཕུལ་ར་མགོ་ལྡན་པའི་ཙའོ། །

བསྩངས་པ་བསངས་པ་བསྩལ་བ་ནི། །བསལ་བ་བས་འཕུལ་ས་མགོའི་ཙའོ། །

༼ཚ༽

ཚྭ་སྒོ་ཅན་ནི་བ་ཚྭ་ཅན། །ཚང་མང་ཐབ་ཚང་ངམ་མེ་ཁང༌། །ཚང་ཚིང་ནགས་ཚལ་སྟུག་པོ་དང༌། །ཚ་བ་དྲོ་བ་ཚན་པ་ནི། །སྡེ་ཚན་དང་ནི་བཀྲུ་བ་ཡང་། །ཚང་ཐུར་གོས་ཤུབས་ཚམ་ངམ་(རྔམས་ཀྱང)ནི༑ ༑འཇིགས་པའི་སྟངས་ཀ་བྱེད་པ་དང༌། །ཚལ་ནན་བཏུང་བ་ཚར་འཕྲེང་བ། །ཚར་དུ་དངར་ནི་གྲལ་སྒྲིག་པ། །ཚར་ཕྱིན་མཐར་ཕྱིན་ཚིག་གི་ལམ། །རྒྱུན་དུ་སྨྲ་ལ་ཁ་ཞུགས་པ། །ཚི་གུ་(ཚིག་གུ་ཡང)འབྲས་བུའི་སྙིང་པོ་དང༌། །ཚིགས་མ་(ཚིག་ཀྱང)སྙིགས་མ་ཚུས་(འཚུས་ཀྱང)ཞལ་ཟས། །ཚེ་དུ་གཏན་དུ་ཚེར་མ་བཅོམ། ། ཚེར་མ་དཀྲུགས་པ་ཚུར་ཤེག་དང༌། །ཚུར་གཤེགས་ཚུར་ཤོག་བྱ་བའི་དོན། །ཚིག་དོར་མི་གཤའ་ཚིག་འབྲུ་ལྕིབས། །ཚིག་འབྲུ་ནོན་དང་ཚུ་རོལ་ནི། །ཚུན་ཆད་ཚུལ་འཆོས་རྙེད་པའི་ཕྱིར། །གཞན་གྱི་མདུན་དུ་བཙུན་ཉམས་ཅན། །ཚུད་མོ་མཁན་ནི་རྐོས་མཁན་དང༌། །ཚེ་འབེར་སྣམ་སྦྱར་ཚེམ་ཚེམ་ཁྲབ། །ཚམ་ཚོམ་མེད་ནི་རྟོག་དཔྱོད་མེད། །ཚས་ནི་ཐུམ་བྱེད་དང་དཀྲི་བྱེད། །ཚོགས་ཕོར་རྫོགས་པར་ཚོགས་ཅན་མ༑ ༑སྨད་འཚོང་མ་ཡི་ཚོགས་ཉིད་དང༌། །ཚོད་བགམ་ཉམས་སད་ཚོས་འཇན་ནི། །ཚོས་མདོག་བཟང་པོ་བླངས་པའི་མིང༌། །ཚོན་ཅན་དངུལ་དང་ཚོན་མོ་སྟེང༌། །ཞ་ཉེའི་མིང་དང་ཚོན་མཛུབ་མོ། །ཚལ་བ་དུམ་བུ་ཚོམ་ཕུང་པོ། །ཚོང་བརྡ་ཚོང་འདུས་ཚོང་བརྡལ་དང༌། །ཚོང་སྲང་གྲོང་སྟེ་ཚ་རྐྱང་ངོ༌། །

མཚན་མོའི་མདོངས་ནི་སྒྲོན་མེ་དང༌། །མཚན་པར་རྡོལ་བ་(བཤང་གཅི་གཉིས་ཀ་ལམ་གཅིག་ནས་འོང་བ་ལའང་བཤད)མོ་མཚན་ནད། །མཚམས་བཙོས་མཚམས་ནང་གཅིག་ཉིད་དུ། །རུང་ཁང་བྱིན་གྱིས་མ་བརླབས་པར། །བཙོས་པའི་ཟས་དང་མཚང་ནི་སྐྱོན། །མཚང་འབྲུ་བ་ནི་སྐྱོན་འདོན་པ། །མཚའ་དང་མཚའ་མེས་འཕར་བའི་མིང༌། །མཚའ་ལུ་རྟིང་དཀར་མཚུལ་ནི་མཛེས། །མཚུན་ནི་ཕ་མེས་དུས་ཀྱི་ལྷ༑ ༑མཚུན་འཐོར་གཏོར་བ་མཚུལ་བ་མཆུ། །མཚོན་མ་ས་མཁན་ནམ་དེད་དཔོན། །མཚེའུ་མཚོ་ཕྲན་མས་འཕུལ་ཚ་འོ། །

འཚག་ནི་འཛོམ་དང་འཚག་(ཚག་ཀྱང)བཟང་བ། །མདངས་བཟང་བ་དང་ཉམས་རྒྱས་པ། །ཡན་ལག་ཉིང་ལག་རྒྱས་པའི་མིང༌། །འཚལ་ནི་ཤེས་སམ་ཆོག་གམ་འདོད། །ཟ་བ་དགོས་པ་བགྱི་བ་སོགས།། འཚལ་བ་ཞེན་པའམ་འཆད་པ་དང༌། །འཚལ་མ་ཟས་སམ་ལྟོ་ཡི་མིང༌། །འཚལ་མ་འཚལ་ནི་ཟས་ཟ་བ༑ ༑འཚེངས་པ་དགའ་བའམ་རྒྱལ་བ་དང༌། །དོན་གྲུབ་པ་དང་འཚེམ་ཞུ་(འཚེམ་པའམ)རྨོག །འཚོག་ཆས་ཡོད་བྱད་འཚོལ་འགྲོ་ནི། །ལྟོ་གོས་འཕྲལ་འཕྲལ་འཚོལ་དགོས་པ། །འཚེར་བ་བག་འཁུམས་འཚེར་འགྲིབ་ནི། །སེམས་འཚེར་བ་དང་འཚོ་ཚིས་ནི། །སོ་ནམ་བྱེད་པའམ་འཚོ་སྐྱོང་དང༌། །འཚོག་ནི་བརྡེག་བརྡུང་འཚར་བ་ནི། །ལུས་ལོངས་པ་སྟེ་འས་འཕུལ་ཚའོ། །

༼ཛ༽

ཛ་རག་ཅེས་པ་མཆོད་རྫས་དང༌། །དངུལ་དམ་གྱི་ནི་བྱེ་བྲག་མིང༌། །ཛ་ལང་སྤྱོད་པ་རྩིང་བ་འམ། །བློ་ངན་ཡིན་ཅིང་ཛ་གད་ནི། །སྨན་བཏབ་ཆང་གི་ཕུད་དང་ནི། །དཔའ་བོ་ཁྱད་པར་ཅན་གྱི་ཤའི། །ཕུད་ཀྱང་ཡིན་ཅིང་ཛ་བོ་ཤིང༌། །མཛོ་མོ་ཤིང་དང་ཛ་ཡན་ཅན། །རྒྱལ་བ་ཅན་ཏེ་ཛ་རྐྱང་ངོ༌། །

མཛངས་པ་མཁས་པའམ་ཡ་རབས་ཏེ། །མཛའ་སྡེ་གྲོགས་པོའི་སྡེ་ཞེས་དང༌། །མཛོལ་བུ་རྙོང་(རི་དྭགས་འཛིན་བྱེད་ཀྱི་རྙི)ངམ་གལ་གྱི་མིང༌། །མཛར་བ་བྱེས་ལ་འགྲོ་བའི་རྒྱགས། །མཛའ་ན་མོ་ནི་སྙིང་ཉེ་བའི། །བུད་མེད་མིང་སྟེ་མས་འཕུལ་ཛའོ། །

འཛགས་པ་ཟགས་པ་འཛད་ནི་ཟད། །འཛན་ཕོ་(འགའ་ཞིག་ཏུ་འཇེན་ཕོ་དང་འཇེན་མོ་ཞེས་པའང་སྣང་ངོ)བགྲོད་བྱེད་སྐྱེས་པ་དང༌། །འཛན་མོ་བགྲོད་བྱ་བུད་མེད་དེ། །འཛན་དཀའ་སྦྱོར་དཀའ་འཛབ་ནི་སྔགས། །བསྙེན་གྲོགས་བྱེད་པའི་མིང་ཡིན་ལ། །འཛེ་ཏའི་ཚལ་ནི་རྒྱལ་བྱེད་ཚལ། །འཛེང་ནི་རྡོ་དང་(དཔལ་ལྡན་དགོན་པ་བའི)རུས་ཀྱི་མིང༌། །འཛུར་ནི་བཟུར་དང་འཛེད་ནི་བཟེད། །འཛོལ་བ་ནོར་བ་འཛུད་ནི་འཇུག །འཛིད་ནི་དོ་ཡའི་སྣོན་མ་དང༌། །འཛེར་བ་སྨྲས་པའམ་ཟེར་བ་སྟེ། །འཛེར་ཏོ་ཟེར་ཏོ་འཛེར་འཛེར་ནི། །མྱ་ངན་སྐད་དེ་འས་འཕུལ་ཛའོ། །

རྫས་ཀྱི་བླ་ནི་ཁང་སྐྱོང་ངམ། །མཁོ་བའི་ཡོ་བྱད་སྲུང་མཁན་མིང༌། །རྫི་ནི་རླུང་དང་རྫིའུ་ཚོས་(འབྲས་བྲེ་བཅུ་ལྷག་བཙོ་ཆོག་པའི་ཕྲུ་བའི་མིང་ཡང་ཡིན)ནི། །ཟུར་དུ་གཡོས་པའི་ཟས་ལེགས་པོ། །རྫོབ་ནི་སྒྲིབ་པ་རྫབ་རྫུབ་ནི། །གཡོ་ཟོལ་རྫོངས་ནི་འབུལ་བའམ་སྐྱེས། །རྫི་མེད་སྤྱང་པོ་མེད་པ་དང༌། །རྫེའུ་རྫ་ཆུང་རྫོགས་སྟོ་ནི། ། རྫོགས་སོའི་དོན་ཏེ་རར་བཏགས་ཛའོ། །

༼ཝ༽

ཝ་ལམ་ཅན་ནི་དུར་ཁྲོད་དང༌། །ཝང་ལོང་སྙན་གོང་རྒྱན་གྱི་མིང༌། །ཝ་འཕྱང་ར་མ་ཝ་ལེར་ཤར། །ཡིད་ལ་ལྷང་ངེར་དྲན་པ་དང༌། །ཝ་ཏ་ཡུག་ནི་རྒྱ་མོན་གྱི། །རས་དཀར་མིང་སྟེ་ཝ་ཉིད་དོ། །

༼ཞ༽

ཞ་སྒྲེ་རྣ་མེད་ཞ་འབྲིང་དང༌། །ཞམ་འབྲིང་(ཞམ་རིང་ཡང་)གཉིས་ནི་ཞབས་འབྲིང་མིང༌། །ཞ་ལུ་མྱུ་གུ་ཞག་ལོན་ནི། །རུང་ཁང་བྱིན་གྱིས་མ་བརླབས་པར། །བཙོས་ནས་ཞག་འདས་ཟས་ཀྱི་མིང༌། །ཞལ་སྐྱིན་(ཞལ་འདྲའམ་མེ་ལོང་ལྟ་བུར་གསལ་བའི་གདོང)ཞལ་ཚབ་ཞལ་ཞལ་ནི། །འདམ་གྱིས་ཞལ་བའམ་བྱུགས་པའི་དོན། །ཞེ་འཁུ་ཞེ་སྡང་ཞིག་པ་ནི། །མི་སྣང་བ་འམ་མེད་པ་དང༌། །བྲལ་བའམ་སྙིལ་བ་རྣམས་ཀྱི་མིང༌། ། ཞེ་ལ་འབྱོར་ནི་སེམས་ལ་འགྲོ། །ཞེ་ཁམས་པ་ནི་ཁོང་ཁྲོ་བ། །ཞལ་ཚུས་ཞལ་ཟས་ཞུགས་ནི་མེ། །ཞེ་ཁྲེལ་ཞེན་ལོག་ཞེ་འགྲས་འཁོན། །ཞེ་བསྔགས་ཡིད་སྨོན་ཞེ་འགྲངས་ནི། །ཞེ་འགྲས་པའམ་ཡིད་སྡང་བ། །ཡིད་ཚིམ་(འདི་སྐྱོན་གཏམ་ལྟ་བུའོ)ཞེ་གནོང་ཉེས་པའི་མིང༌། །ཞབས་རྙོངས་པ་ནི་ཞབས་ཁུམ་པའམ། །རིད་པའི་དོན་དང་ཞོགས་འུར་བྲོས། །ཞ་ཉེའི་དབྱར་འདབས་ལྷུང་བཟེད་ཀྱི། །སྟེགས་བུ་ཡིན་ཅིང་ཞོད་ནི་ཆར། ། ཞེན་པ་མེད་ནི་ཆགས་མེད་དང༌། །ཞེན་པ་དོར་ནི་བློས་བཏང་བ། །ཞིབ་མོ་(སྦ་དང་སྙུག་མ་སོགས་ལས་བྱས་པའི་སྣོད)སློ་མ་ཞིག་གུ་ནི། །སྨོན་ཚིག་ཞོགས་མ་སྟེང་གཡོགས་སམ། །དུམ་བུའི་མིང་དང་ཞལ་ཏ་བ། །དགེ་འདུན་གྱི་ནི་ལས་བྱེད་པ། །ཞོ་ཤ་ཁྲལ་ལམ་གླ་རྔན་ནམ། །ཡང་ན་སྟོབས་དང་ནུས་པ་སྟེ། །ཞོ་ཤས་འཚོ་ནི་ནུས་མཐུས་འཚོ། །ཞོམས་པ་གཞོགས་པ་ཞལ་ལྕེ་བཅད། །ཆད་པས་བཅད་དེ་ཞ་རྐྱང་ངོ༌། །

གཞགས་པ་(གཞབས་དང་བཞགས་ཀྱང་སྣང)བརྒྱན་པ་གཞབས་པ་ནི། །ཐབས་ཀྱིས་བརྟགས་པ་གཞས་ནི་གླུ། །གཞན་དྲིང་མི་འཇོག་ཅེས་པ་ནི། །དོན་ཀུན་དབང་དུ་འདུ་བའམ། །གཞན་ལ་མི་ལྟོས་པ་ཡི་དོན། །གཞའ་བ་མགུ་བའམ་ཡིབས་པ་དང༌། །གཞའ་ཚོན་འཇའ་ཚོན་གཞའ་གསང་ནི། །གཡུང་དྲུང་དང་ནི་འཕྲིན་ལས་སོ། །གཞོང་བུ་གཞོང་ཆུང་གཞར་ཡང་ནི། །སླར་ཡང་ཞེས་སམ་ནམ་ཡང་མིང༌། ། གཞར་བ་ཉེ་བའམ་མཐུན་པ་དང༌། །གཞང་འབྲུམ་གཞང་ནད་གཞོབ་ནི་ཚིག །གཞི་བོ་གཞི་མའམ་རྒྱུན་སྡོད་དང༌། །གཞིབས་པ་འཇིབས་པའམ་བསྒྲིགས་པ་དང༌། །གཞུར་བརྟག་ཟུར་ཟ་གཞིལ་ནི་བཅིལ།། གཞིགས་ནི་ཞིབ་ཏུ་དཔྱོད་པའི་དོན། །གཞུངས་པ་མཁས་པའམ་འགྲུས་པ་དང༌། །གཞེར་བ་བསྟེན་པ་གཞེན་བསྐུལ་དང༌། །གཞེན་འདེབས་གཉིས་ནི་དྲན་བསྐུལ་ཡིན། །གཞོགས་འཕྱས་ཟུར་འཕྱས་གཞོགས་སྟེགས་ནི། ། ཟུར་མིག་བལྟ་དང་འཕྱར་གཡེང་དང༌། །སྒེག་ཆོས་རྣམས་དང་གཞུར་ནི་གཞུང༌། །གཞོངས་ནི་ལྗོངས་སམ་གཤོངས་ཡིན་ལ། །གཞོངས་སྤྱོད་པ་ནི་ལྗོངས་རྒྱུ་བ། །གཞུར་མེད་གཞོམ་མེད་གཞོགས་སློང་ནི། །རྙེད་ཕྱིར་གཞན་དང་དེའི་རྫས་ལ། །བསྔགས་བརྗོད་བྱེད་པ་དག་ལ་ཟེར། །གཞེས་པ་བཞུགས་པའམ་སྡོད་པ་དང༌། །གཞེས་ནི་གཞེས་ཉིན་ལྟ་བུའི་དུས། །གཞུ་བདུང་བ་ནི་གཞུ་འཐེན་པའམ། །གཞུ་རྒྱུད་སྤྲད་པའི་དོན་ཡིན་ཏེ། །གཞོགས་ནི་འཁྲིས་སམ་ལོགས་ཀྱི་མིང༌། །གཞག་ཡང་གཞན་ཡང་གཞུ་འུ་ནི། །གཞུ་ཆུང་ཡིན་ཅིང་གཞོམ་ནི་འཇོམས། །གཞོར་ནི་འཇོར་ཏེ་ཏོག་ཙེ་དང༌། །གཞོལ་ནི་འབབ་པ་གས་འཕུལ་ཞའོ།།

བཞམས་བསྒོ་དྲན་བསྐུལ་བཞབས་ནི་འཇབས། །བཞར་བ་མཐུད་པའམ་སྲབ་པ་དང༌། །བཞེས་ཅན་ཕོར་པ་བཞུད་ནི་གཤེགས། །བཞག་ཤ་ནང་ཁྲོལ་བཞད་ཁྲུང་ཁྲུང༌། །བཞའ་ནི་བརླན་དང་བཞུན་པ་ནི། །ལས་ལ་གཅིག་ཏུ་བརྩོན་པའི་མིང༌། །བཞི་མཉམ་བཤང་བ་སྨིན་པའམ། །མི་གཙང་བ་སྟེ་བས་འཕུལ་ཞའོ། །

༼ཟ༽

ཟག་པ་ཉོན་མོངས་ཟ་ཕོད་པ། །ལྟོ་བ་ཆེ་བ་ཟ་ཟ་ཡུམ། །ཟིལ་དངར་བདུད་རྩི་ཟང་ཟིང་ནི། །རྙེད་པ་འདོད་ཡོན་ཟས་སོགས་མིང༌། །ཟ་ཧོར་(ཇོ་བོ་རྗེའི་རིགས་ཏེ་རྒྱ་གར་གྱི་རྒྱལ་རིགས་ས་ཧོར་ཞེས་པ་ཟུར་ཆག་པའོ)རིགས་དང་ཟ་མ་ནི། །དུས་ཀྱི་བྱེ་བྲག་དང་མ་ནིང༌། །ཟ་འོག་གོས་ཆེན་ཟེ་རྔོག་མ། །ཟེ་པྲོག་བདར་བའམ་གཡེར་པོ་ལ། །ཟེགས་པ་རྙིང་དང་ལྷུང་བ་སོགས། །ཟོ་ཆུན་འཁྱུད་མོ་ས་མཐོ་སར། །ཆུ་འདྲེན་པ་ཡི་འཁོར་ལོའི་མིང༌། །ཟོ་ནི་ཁམས་དང་རང་བཞིན་ཏེ། །ཟོ་མདོག་ཡང་ནི་ལུས་བདེ་དང༌། །བཞིན་མདངས་གསལ་བ་སོགས་ཀྱི་མིང༌། །ཟལ་པོ་ཁྲ་བོ་ཟུས་ནས་ནི། །ཟུག་ནས་ཞེས་དང་ཟོམ་རྩེ་མོ། །ཟ་ཁུ་ཞེས་པ་གཅིན་སྙི་བའི། །ནད་ཀྱི་མིང་དང་ཟིན་དང་ཟུན། །རང་ཕྱོགས་པ་འམ་མཛའ་བཤེས་མིང༌། །ཟོབ་དང་ཟོལ་དང་ཟོག་པོ་ནི། །བསླུ་བའམ་གཡོ་སྒྱུ་བརྫུན་ཅན་ཏེ། །ཟླུགས་པ་ལས་བྱེད་ཟ་རྐྱང་ངོ༌། །

གཟགས་པ་ཟགས་དང་གཟར་ཐག་ནི། །གོས་ཀྱི་གདང་བུའམ་དཔྱང་ཐག་དང༌། །གཟང་(ཚེར་མ་གཟང་རིང་ལྟ་བུ)ནི་རིང་བའི་དོན་ཡིན་ཏེ། །གཟས་ནི་བརྡེག་པར་བརྩམས་པ་དང༌། །གཟལ་བ་བཀས་པ་གཟིགས་དང་གཟོན། །ལུས་དང་ངག་གི་ཁྱད་པར་དང༌། །གཟན་པ་རྩྭ་དང་གསན་པའི་(ཆུད་གསན་པ་ལྟ་བུ)དོན། །གཟོ་ནི་དྲིན་དྲན་གཟུ་བོ་ནི། །ཕྱོགས་ལྷུང་སྤངས་པའམ་དྲང་པོའི་མིང༌། །གཟུ་འཚོ་མ་ནི་སྨད་འཚོང་མ། །གཟེ་ཚོ་ཚོང་དང་གཟུགས་པ་ནི། །འཛུགས་པའམ་བཙུགས་པ་གཟུད་ནི་འཛུད། །གཟུ་ལུམ་ཞེས་པ་བབ་ཅོལ་ལམ། །རང་བཟོའམ་ཕྲ་མ་སྤྱི་བརྟོལ་བརྫུན། །གཟུར་བ་ལུད་པ་གཟེགས་གཟན་ནི། །མུ་སྟེགས་བྱེ་བྲག་འུག་པ་བ། །གཟེགས་མ་(ཟེགས་མ་ཡང)ཉག་མའམ་ཆ་ཤས་མིང༌། །གཟེམས་པ་འཛེམས་དང་གཟེད་པ་སྐས། །གཟེངས་པ་བརྐྱངས་པའམ་གདེངས་པ་དང༌། །གཟི་བྱིན་གཟེབ་ནི་གུར་རམ་སྣོད། ། གཟོད་མ་དང་པོའམ་གདོད་མ་དང༌། །གཟེག་ཆ་ཆུང་ནི་བཟོད་བསྲན་ཆུང༌། །གཟུགས་མོ་(གཟུང་མོ་ཡང)བྱི་ཐུར་ཟེ་མོང་ངམ། །སྒང་གི་མིང་སྟེ་གས་འཕུལ་ཟའོ། །

བཟང་མཁན་གོས་ཀྱི་བཟོ་བོ་དང༌། །བཟེ་རེ་ཆེ་ཆུང་བསྲན་ཆེ་ཆུང༌། །བཟེ་རེ་ཅན་ནི་བསྲན་ཆུང་བའམ། །གཞོན་ཤ་ཅན་དང་བཟི་ནི་མྱོས། །བཟླུགས་པ་ཞུས་པའམ་དྲིས་པ་དང༌། །བཟླུམས་པ་བསྡུས་པའམ་མྱུར་བ་སྟེ། །བཟློག་པ་གཤིན་པ་བས་འཕུལ་ཟའོ། །

༼འ༽

འུ་ཅག་ང་ཅག་འོན་ཏང་དང༌། །འུང་ཏེང་འུང་ཏེ་རྣམས་འོན་ཀྱང༌། །འུ་ཤ་འབྲས་བཙོས་ཁུ་བའི་མིང༌། །འུང་ནས་འདི་ནས་འུབས་འདུས་པ། །འོ་བྱེད་པ་ནི་མི་ཕན་ཚུན། །ཁ་སྦྱོར་བ་དང་འོ་དོད་ནི། །སྐད་ཚའམ་ངུ་འབོད་འོ་ནི་(འུ་ནི་ཡང)འདི། །འོད་པ་ཡོད་པའམ་ཤྭ་འོད་དང༌། །འོད་མའི་ཤིང་ནི་(སྨྱུག་མ་ཚིགས་མང་པོ)སྨྱུག་རྒོད་དེ། །འོག་པག་སྐ་རགས་རྒྱན་ཅན་མིང༌། །འོན་ཅིག་བྱོན་ཅིག་གམ་ཁྱེར་ཤོག །འོག་འགྱུ་རྟོག་འཇུག་འོར་འགའ་ནི། །རེས་འགའ་འོར་ཏེ་མ་གཏོགས་པ། །འོར་བ་བོར་བའམ་སྐྱོབ་པ་དང༌། །འོ་ཅོག་མ་ལུས་འོལ་ཡང་ནི། །དཔེར་ཡང་(སྤེ་ཡང་)འོས་པ་གཅེར་བུ་བ༑ ༑འོལ་ཚོད་རང་བཟོས་ཚོད་འཇོག་དང༌། །འོལ་སྤྱི་ཕྱོགས་འདྲ་འོར་ཅིག་ནི། །ལན་ཅིག་གམ་ནི་ཐེངས་ཤིག་སྟེ། ། འོག་གཟུ་ཡུལ་དཔོན་འོ་བཟེ་ནི། །བྱ་བར་བསྒྲིན་ཅིང་མྱུར་བ་འམ། །སྤྱོད་ལམ་ཆ་ལུགས་མཛེས་པའོ། ། འོར་ནད་སྐྲང་ནད་འོན་ནི་སྟོན། །འོལ་ཡང་མི་དབྱི་ཕྱོགས་ཙམ་ཡང་ །མི་འགྲོ་བ་ཡི་དོན་ཡིན་ཅིང༌། ། འོལ་མ་མཆིས་པ་སྤྱོད་ཡུལ་དུ། །མ་གྱུར་པ་དང་འུད་ནི་ཤུགས། །འོལ་བ་ཞེས་པ་བྱ་ནེ་ལེ། །འོལ་མོ་སེ་ནི་དབྱི་མོང་(སྔོ་སྨན)དང༌། །འོར་ཆེ་སྐུ་དྲིན་འ་ཉིད་དོ། །

༼ཡ༽

ཡ་གད་སྐས་ཀའམ་རྐང་རྟེན་དང༌། །ཡ་ཐོག་མགོའམ་རྩེ་མོ་ལ། །ཡ་ཏོག་འབྲས་བུ་ཡ་སྟགས་ནི༑ ༑བོན་པོའི་མདོས་གླུད་ཡ་མ་བརླ། །སྙིང་པོ་མེད་པའམ་མི་བདེན་པ། །ཡ་ལད་གོ༌ཆ་སྤྱི་དང་ནི། ། སྐབས་ཐོབ་ཀྱིས་ནི་རྨོག་ལའང་འཇུག །ཡང་མིག་སྒོའི་རུའམ་ཨ་ལོང་དང༌། །ཡབ་ཆ་དགོས་ཆས་ཡབ་པ་རྟོགས། །ཡམ་ཤིང་མཆོད་པའི་ཤིང་གི་མིང༌། །ཡན་ལག་སྐྱེས་ནི་ཕོ་མཚན་དང༌། །ཡིད་ཀྱི་དགུ་ནི་ཀུན་སློང་ངམ། །ཡིད་ཀྱི་གཏིང་ཞེས་བྱ་བ་ཡིན། །ཡི་གསོད་པ་དང་ཡི་ཆད་ནི། །སྐྱོ་དང་ཞུམ་དང་སྒྱིད་ལུག་པ། །ཡིད་གཞོ་བ་ནི་སེམས་གསོ་དག །བྱས་དང་ཡོ་ལེ་ཕྱོད་དེ་ནི། །དྲང་པོ་(ཡ་ལི་ཡོ་ལི་བྱེད་པ)མི་བྱེད་པ་ཡི་དོན། །ཡིད་སྨོན་ཡིད་དགའ་ཡིབས་སུ་ནི། །དབྱིབས་སུ་ཞེས་དང་ཡུག་སྣམ་བཙག ། ཡུ་བུ་རང་རེའམ་བདག་ཅག་དང༌། །ཡ་ཟ་མ་ལུག་ཅེས་པ་ནི། །ཟ་བཏུང་བཟོས་ཚད་མ་ཞུ་བར། །ཐུར་དུ་འབབ་པ་དག་གི་མིང༌། །ཡིད་རྟོན་རྗེས་འབྲང་ཡིད་གཉིས་ནི། །ཐེ་ཚོམ་ཡ་ག་སྐྱོན་གྱི་ཚིག །ཡུ་ཤ་ཐུག་པའི་བྱེ་བྲག་དང༌། །ཡུག་གཡུང་བ་ནི་ཞེན་པ་སྟེ། །ཡུས་ཏེ་བདེན་ཏེ་ཡུག་པ་དང༌། །ཡོབ་ཡོབ་གཉིས་ནི་རྐང་པའི་མིང༌། །ཡེ་ནི་གཏན་དང་ཐོག་མ་དང༌། །གཞི་དང་རྩ་བ་ཡེ་མི་འཕྲིག །དོགས་པའམ་རྣམ་རྟོག་མི་བྱ་བ། །ཡེ་འབྱམས་སྟོང་ཉིད་ཡེག་སེང་སེང༌། །ཡེལ་འཕྱོས་ཟུང་འཇུག་ཡེ་འབྲོག་ནི༑ ༑འགོ་བའི་ནད་ཀྱི་བྱེ་བྲག་གམ། །ཡང་ན་མི་འདོད་པར་སྦྱོར་བའི། །མི་མ་ཡིན་པ་དག་གི་མིང༌། ། ཡལ་འཛུགས་པ་དང་ཡལ་གཟུགས་པ། །རྒྱལ་ལམ་སྐུགས་བཙུགས་པ་ཡི་མིང༌། །ཡུགས་ཤིག་བྱུགས་ཤིག་ཡིབ་ནི་གབ། །ཡུར་དང་གཡུར་ནི་གཉིད་ཡིན་ཅིང༌། །ཡ་བཤའ་བ་ནི་བཞད་གད་དང༌། །རྫུན་སོགས་ཡིན་ཅིང་ཡོགས་པ་ནི། །ཁེབས་པའམ་གཡོགས་པ་ཡོལ་གོ༌སྣོད། །ཡོན་ཁར་ཡང་དག་མིན་པ་དང༌། །ཡོད་དོ་ཅོག་ནི་མཐའ་དག་དོན། །ཡོང་ཡེ་ཞེས་པ་ངེས་པར་རམ། །ཡང་ན་རྣམ་པ་ཀུན་ཏུ་དང༌།། རྣམ་པ་ཐམས་ཅད་དུ་ཡི་མིང༌། །ཡོ་ལང་མཚར་སྤྱད་ཡུང་བ་ནི། །སྒ་སེར་ཡུར་བ་ཆུ་ཡི་འོབས། །ཡིད་སྲུབས་བདུད་དང་འདོད་པ་སྟེ། །ཡིད་ཀྱི་ཤིང་རྟ་བསམ་པ་དང༌། །འདོད་ཆགས་ཅི་རིགས་པ་ཡི་མིང༌། ། ཡི་ག་འཆུ་ནི་ཁ་ཟས་ཀྱི། །དང་ག་འགགས་དང་ཡིད་གཅུགས་པ། །ཡིད་མཐུན་པ་སྟེ་ཡ་རྐྱང་ངོ༌། །

གཡང་གཞི་པགས་པ་གཡམ་ནི་ཞར། །གཡའ་བ་ཉེ་འཁོར་གཡར་སྔ་བྲིམས། །གདོང་ནི་བསྟན་པར་གྱིས་ཞེས་དང༌། །གཟིགས་པར་མཛོད་ཅིག་ཅེས་པའི་དོན། །གཡར་ནི་ཁ་འམ་མདུན་ནམ་གདོང༌།། གཡར་ཁམས་སྐུ་ཁམས་གཡར་ཁྲལ་ནི། །ཁ་ཁྲལ་དང་ནི་ངོ་ཁྲལ་མིང༌། །གཡར་ངོ་གདོང་ངམ་བཅོལ་བའི་ངོ༌། །གཡར་དམ་དམ་བཅའ་གཡར་ཆབ་ཆུ། །གཡར་འདྲེན་སྤྱན་འདྲེན་གཡར་ཚ་ནི། །ངོ་ཚ་གཡར་ལམ་མདུན་ནམ་ལམ། །གཡར་གཟིགས་ཟས་དང་གཟིགས་མོའི་མིང༌། །གཡར་ལེན་ཁས་ལེན་གཡར་ཚུས་ཟས། །གཡོན་ཅན་གཡོ་ཅན་གཡས་ནི་བརྙས། །གཡང་དཀར་ལུག་དང་གཡར་མོ་ཐང༌། ། ལུ་གུ་མེ་ཏོག་ཅེས་པ་སྟེ། །གཡན་པ་ཟ་ཕྲུགས་ཅན་གྱི་ནད། །གཡན་སྐྱོ་བ་ནི་འཛེམས་མེད་དུ། །སྤྱོད་པའམ་ཡང་ན་ཅོ་འདྲི་བ། །གཡུང་བ་ཞན་པ་གཡུང་མོ་ནི། །རིགས་ངན་མ་དང་གཡུང་པོ་ཡང༌། །ཀླ་ཀློའམ་རིགས་ངན་གཡེན་ངོ་ཚ། །གཡའ་སྒོག་པ་ནི་ཨི་ཚ་དག །སྒོག་པའི་མིང་དང་གཡིགས་བདར་བ༑ ༑གཡིག་པུ་སྐྱིགས་བུ་གཡུལ་ནི་དམག །གཡུར་ཟ་ལོ་འབྲས་ཕྱུག་པ་དང༌། །གཡེར་པོ་མཁས་པའམ་གྲིམས་པའི་མིང༌། །གཡེམ་པ་འདོད་ལོག་གཡེར་སྙོམ་པ། །གཡེར་བ་འཆོར་སྒེག་ཆེ་བ་དང༌། །གཡེ་ནི་དགོན་པ་ལས་ཀྱང་ཐག །རིང་བའི་འབྲོག་དགོན་པ་ཡི་མིང༌། །གཡེན་སྤྱོ་བ་ནི་ཅོ་འདྲི་བའམ། །སྡང་བར་བྱེད་དང་གཡེན་སྤྱོས་པ། །བདས་པ་ཉིད་དང་བསྡིགས་པའི་མིང༌། །གཡེར་བག་བཞད་གད་ཆེ་བ་དང༌། །སྣང་གཡེལ་ཅན་དང་གཡུང་ཟ་རུས། །གཡེར་མ་ཕོ་བ་རི་ལུ་དང༌། །གཡེལ་མེད་འབྲལ་བ་མེད་པའི་དོན། །གཡེལ་བ་སྙོམ་ལས་གཡོར་མོ་ནི། །གྲུ་ཡི་དར་ཆེན་ནམ་རླུང་གཡོར། །གཡོར་པོ་ཞེས་པ་གྲྭ་(ཡུལ་གྲུ་དགུ་ཡོད)སོགས་ཀྱི། །ཡུལ་དང་གཡོན་མ་སྨད་འཚོང་མ། །གཡོས་པ་འདོད་པ་གས་འཕུལ་ཡའོ། །

༼ར༽

རང་ཉམས་རང་བཞིན་རངས་པ་ནི། །ཡིད་དགའ་བ་དང་རིལ་པོའི་མིང༌། །རན་པ་ལྕུག་ཕྲན་རན་ནི་རྩྭ། །རལ་ག་(དགེ་སློང་མའི་ཤིང་ང་དཔུང་ཆད་ལས་རྣམ་པ་ཅུང་མི་འདྲ་བའི་སྟོད་གོས་ཡིན་པར་གསུངས་ཤིང༌། གཞན་དུ་རལ་ག་དང་རལ་གུ་གཉིས་ཀ་ཆུ་པ་ཡིན་པར་ཡང་བཤད་དོ)སྟོད་གོས་རལ་གུ་བེར། །རལ་གུ་ཅན་ནི་བཙུན་མོའི་སྐུ།། སྲུང་མཁན་རླིག་ཕྱུངས་སྐྱེས་པ་དང༌། །རམ་མདའ་རམ་འདེགས་(དཔུང་བསྒྲིལ་ནས)གྲོགས་བྱེད་པ། ། རམ་ཤག་འབྱོར་པའམ་འགྱོད་པ་དང༌། །རམ་ཕྱིས་སྣག་བུམ་ར་གན་(ཟངས་སེར་)རག །རི་ཟོམ་རི་རྩེའི་བྲག་སྐྱིབས་དང༌། །རི་རྐང་རི་ཕྲན་རི་བྲག་དང༌། །རི་འོར་གཉིས་ནི་(མཐའ་འཁོབ་རི་བྲག་གི་གྲོང་པའི་མིང་ངོ)རི་གྲོང་ཡིན། །རིད་པ་དངོས་ངན་པ་དང་ནི། །ཤ་ཆུང་བའམ་སྐེམ་པ་དང༌། །རིན་ཅེན་ཞེས་པ་རིན་ཆེན་དང༌། །རིན་པོ་ཅེ་ཡང་རིན་པོ་ཆེ། །རིམ་ནི་འབྲིམ་དང་རིམས་པ་ནི། །བྲིམས་པའི་མིང་དང་རིལ་ཞེས་པ། །ཐམས་ཅད་དང་ནི་མ་ལུས་པ། །རིལ་པོ་བྱིན་པོའམ་ཧྲིལ་པོ་དང༌། །རུ་སྐྱ་གྲུ་སྐྱ་རུས་པ་ནི། །བྲུས་པ་རུས་ཚོ་པུས་མོའི་མིང༌། །རུང་ཁུས་(རུས་ཁུ་ཡང་)ཟ་བ་གཏུམ་པ་དང༌། །རུམ་པོ་འཁྱོག་པའམ་དཔུང་པ་སྟེ། །རུམ་ནི་ལྟོ་བའམ་ཕག་ཡིན་ཅིང༌། །རུས་ཤིང་སྙིང་རུས་རང་ཆགས་ནི། །ཕུན་ཚར་གྱི་ནི་མཐའ་བཙེམས་པ། །རིམ་གྲོ་ཞེས་པ་བྱ་ཡུལ་གྱི། །བཀུར་སྟིའམ་མཆོད་པའམ་བསྙེན་བཀུར་དང༌། །བྱེད་པ་པོ་ཡི་རྐྱེན་བཟློག་ཡིན། །རེ་ལྟར་ཇི་ལྟར་རེ་རྨ་(རེ་མ་ཡང་)དང༌། །རེས་མ་(སྨད་ཚོང་མ་)གཉིས་ནི་བུད་མེད་དེ། །རེ་ལྡེ་རེ་བའམ་སྦྲ་ནག་མིང༌། །རེ་ལྟ་ཞིག་ནི་ཡུན་རིང་ཞིག །ར་མོ་ཤག་ནི་སྨན་ར་ཉེ། །རོ་ཉེ་ཞ་ཉེ་ནག་པོ་ཡིན(འདུལ་ཊིཀ་ཏུ་རོ་ཉེན་ནི་ཞ་ཉེ་དཀར་པོ་དང་ཚོན་མོ་སྟེང་ཞ་ཉེ་ནག་པོ་ཡིན་པར་གསུངས་ཤིང༌། འགའ་ཞིག་ཏུ་མིང་གི་རྣམ་གྲངས་སུ་ཡང་བཤད་དོ)། །རས་མ་གོས་ཀྱི་དུམ་བུའམ། །ཚལ་བུ་ཡིན་ཅིང་རོད་པ་དང༌། །རད་པ་གཉིས་ནི་གོས་ཀྱི་མིང༌། །རོད་ནི་རྣམ་པའམ་ལུས་ཀྱི་ཉམས། །རོད་ཉམས་ངོ་མདངས་ཉམས་པ་དང༌། །རེ་གྲོན་མེད་ནི་ཆུད་མི་ཟ། །རེའུ་ལྕག་ཤོག་རྒྱུའི་མེ་ཏོག་མིང༌། །རེ་ཁ་རི་མོ་རེག་ཟིག་ནི། །ཟིན་བྲིས་རིངས་པ་བྲེལ་བའི་དོན། །རོག་མ་ཤ་མ་རོལ་ཐོང་ཤུལ། །རེགས་པ་བྲེགས་པ་རེང་བུ་ནི། །འབྲེལ་མེད་པ་འམ་རྐྱང་པ་ཡིན། །རེད་པ་གྲུབ་པ་རེ་སྟེས་ནི། །ཅི་མི་རུང་དང་རོ་བཙའ་བ། །ཁུ་བ་འཕེལ་བར་བྱེད་པའི་དོན། །རོ་མྱགས་འདམ་རྫབ་རོ་མ་ནི། །སྙིགས་མ་རི་སྐྱེགས་(ཤཱ་རི་ཀ་ཟེར་བའི་བྱ)བྱ་རི་སྐེགས། །རོགས་པ་བྱིས་པ་རླམ་(གླམ་ཞེས་པའང)གྱིས་ཁྱེར། །སྣོད་སྤྱད་སོགས་ལ་ཆགས་པའི་གཡའ། །རླམ་ཁྱེར་ཧམ་པས་ཁྱེར་བ་སྟེ། །རླན་བཅིར་ཆུ་བཙིར་རླུགས་པ་དང༌། །རླུབས་པ་གཉིས་ནི་ལུག་པ་སྟེ། །ཟས་མ་ཞུ་བར་ཕྱིར་བྱུང་བ། །རླག་མོ་ཉོན་མོངས་མིང་ཉིད་དང༌། །རླིངས་དང་རླིབས་ནི་རྒྱ་ཆེ་བ། །རླིད་བུ་པགས་པ་སྦུབས་བཤུས་ཏེ། །རློ་བ་འཕྱང་བ་རློང་དུ་གྱུར། །བརྟན་པ་ཐོབ་པའི་དོན་ཉིད་དང༌། །རླུང་གཡོར་གྲུ་ཡི་དར་པོ་ཆེ། །རླུབས་ནི་ཁུང་བུ་ར་རྐྱང་ངོ༌། །

བརླ་སྐྱེས་དང་ནི་བརླ་བྱུང་གཉིས། །རྗེ་འུའི་རིགས་དང་བརླན་པོ་ནི། །ཚུབ་མོ་བརླམས་པ་ཡིད་བསྐྱོད་པ། །བརླང་ཆེས་པ་ནི་བརླབ་ཆེ་བ། །བརླང་མོ་བུད་མེད་གཏུམ་མོ་དང༌། །བརླང་པོ་རྩུབ་མོའམ་རྩིང་པོ་དང༌། །བརླ་བརྙན་སྣོན་པ་བརླིང་བ་ནི། །དུལ་བའམ་བརྟན་པ་བས་འཕུལ་བརླའོ། །

༼ལ༽

ལ་འུར་མྱུར་དུ་ལ་གོར་ནི། །མགྱོགས་པའམ་སྐྱེན་པའི་མིང་ཡིན་ལ། །ལ་བ་ཆགས་སུ་མ་བཅགས་ཤིང༌། །སྤུ་དང་བཅས་པའི་སྣམ་བུ་དང༌། །ལྭ་ནི་དར་ཟབ་བྱེ་བྲག་པ། །ལ་ཟླས་པ་ནི་ཐག་བཅད་པ༑ ༑ལ་ཟློ་བ་ནི་ཐག་གཅོད་པའམ། །མཐའ་འགེགས་པ་དང་ལ་གཅན་པ། །ལ་ཡི་ཚུགས་པའམ་ཤོ་གམ་པ༑ ༑ལ་ཉེ་མཚན་མ་ལན་པ་ཉེས། །ལག་གི་བླ་ནི་ལས་དེ་དང༌། །དེ་ལ་བསྐོས་པའི་ལས་དཔོན་ཏེ། །ལག་ཉ་བྱིན་ལེན་མ་བྱས་(ཉེ་བའི་སྟ་གོན་ཟིན་པའི་ཟས་ལ་དགེ་སློང་གིས་ལག་རེག་པ)པའི། །ཟས་ལ་རེག་པའམ་ལེན་པའི་མིང༌། །ལག་པ་བསྙལ་ནི་ལག་བཀྲུས་པ། །ལག་གཟུང་སྒོ་ལུང་ལག་ཏུབ་(ལག་ཐུབ་ཀྱང)ནི། །མགྱོགས་པ་ལན་ཀན་ཁ་ཁྱེར་རམ། །སྟེགས་བུའམ་པུ་ཤུ་ལན་བུ་དང༌། །ལན་ཚར་བུད་མེད་སྐྲ་ཡི་མིང༌། །ལན་བོན་ལན་སློན་པ་དང་ནི། །ལན་གླན་པ་ཉིད་ལན་འཇལ་དང༌། །ལན་ལྡོན་པ་ནི་ལན་འདེབས་པ། །ལག་ཕྱི་བ་ནི་རྣག་གཟན་མིང༌། །ལག་ལྕིབས་ལག་པའི་དྲི་མ་ནི། །གཞན་ལ་འགོས་དོགས་བྱེད་པའི་ལྕིབས།། ལག་སྦྲེང་སློང་མོ་ལག་ཉལ་ནི། །བརྒྱ་བྱིན་ཕྱག་མཚན་རྡོ་རྗེ་ཡིན། །ལག་པོད་ལག་ཚབ་ལ་དུ་(ལ་ཐུ་ཟེར་བའང་སྣང་སྟེ་བག་ཕྱེ་དང་རྫས་བརྒྱད་སོགས་སྦྱར་བའི་ཁ་ཟས་ཁྱད་པར་ཅན་ཞིག་ཡིན་པར་བཤད་དོ)ནི། །འཁུར་བ་ལྟ་བུའི་ཁ་ཟས་དང༌། །ལག་པོད་ཀྱི་ནི་ལས་ཞེས་པ། །མང་པོས་ལག་རུབ་བྱས་པ་འམ། །ཡང་ན་གླ་ཆ་མི་ལེན་པར། །ལག་ནུས་ཀྱིས་ནི་བྱས་པའི་ལས། །ལམ་གོལ་ལམ་ལོག་ལོང་གཏམ་དང༌། །ལབ་ལོབ་གཉིས་ཀ་གང་བྱུང་དུ། །སྨྲ་བའི་དོན་མེད་གཏམ་གྱི་མིང༌། །ལིག་ཤི་ཝིར་ནི་ཛཱ་ཏི་སྟེ། །སྣ་མའི་མེ་ཏོག་ལི་ཁ་ར། ། བུ་རམ་ལྦུ་བ་(བུ་རམ་རློན་པའི་རྡོག་པོ་ཡིན་ཅིང་འདི་ལ་ཤ་ཁ་ར་དང་ཀ་ར་ཡང་ཟེར)རྡོག་པོའི་མིང༌། །ལིངས་པ་རྔོན་པ་ལིངས་བཏབ་ནི། །རི་དྭགས་བདའ་བ་ལིང་གིས་བོར། །རིལ་གྱིས་བོར་བ་ལུས་སྐྱོབ་ཁྲབ། །ལུང་བོང་བ་ལང་ལེ་བརྒན་ནི། །མདོག་(དར་དམར་པོ་ཡང་)དམར་ལེ་བརྒན་རྩི་བལ་གུམ། །ལིམ་ལོག་དང་ནི་ལོག་གཞལ་གཉིས། །དྲིན་ལན་ལོག་པར་འཇལ་བ་དང༌། །ལུགས་ཀྱི་སྤྱན་པ་ཁྲིམས་བདག་སྟེ། །ལོགས་སྐྱེས་ནུ་མ་ལོངས་པ་ནི། །ཆགས་པས་ཀུན་བསླངས་སྒེག་ཆོས་མིང༌། །ལེ་ལག་ལེ་ཚན་ལོས་ངེས་པར། །ལེའུ་གློན་ནི་ལན་ལྡོན་པ། །ལོ་ཐང་ཁྲལ་བོགས་ལོང་བུ་ནི། །ཤིང་ཏོག་ལོག་པོ་འདམ་པ་པོ། །ལོག་པར་ལྟུང་བ་ངན་འགྲོ་ལ། །ལོ་ཆུན་ལྷན་པ་ལེབ་མོ་འམ། །ལོ་མ་མང་པོའི་ཆུན་པོ་སྟེ། །ལོབས་པ་ཤེས་པ་ལ་ཉིད་དོ། །

༼ཤ༽

ཤ་ཀོན་ཞུགས་ནི་འཁོན་ཡོད་པ། །ཤ་དག་ཤ་སྟག་ཤ་ཆགས་པ། །བབ་ཐོབ་ཡོད་པའམ་བློར་ཡོད་པ། །ཡང་ན་མཐུག་པའམ་བརླིང་བའི་དོན། །ཤཱཀྱ་ནུས་པའམ་ཕོད་པའི་རྒྱུད། །ཤ་ཐང་བ་ནི་ཤ་ཟད་པ།། ཤ་ལག་གཉེན་སྦྱོར་ཤིང་ཐགས་ནི། །ཁང་པའི་ལྕོག་དང་ཅོག་ཙེའི་མིང༌། །ཤིང་ང་དཔུང་བཅད་དགེ་སློང་མའི། །ནུ་མ་འགེབས་པའི་གོས་ཀྱི་མིང༌། །ཤེས་ཉེན་(བཤེས་གཉེན་ཡང)ཡོན་ཏན་ཤིཾ་ཤ་པ། ། ཨ་ཀ་རུ་འམ་དྲི་ཉལ་དང༌། །ཤིང་མཐུན་པ་ནི་ཤིང་འཐུ་མཁན། །ཤིག་ཤིག་ལྷོད་པ་ཤིན་ཏེ་མ། །སྙིགས་མའམ་ཆུད་ཟ་བ་དང་ནི། །ཉམ་ཆུང་བ་དང་མཐུ་ཆུང་བ། །ཤི་བི་ཀ་ནི་རོ་ཁུར་ཁྱོགས། །ཤིད་ནི་གཤིན་པོ་ལ་དམིགས་ནས། །བསྒྲུབས་པའི་དགེ་བ་ཤིད་ཟན་ནི། རོ་ཟས་དང་ནི་གཤིན་ཟས་ཏེ། །ཤད་ཀྱིས་སྦྱངས་ནི་ངག་འཇམ་པོས། །སྨྲ་བའམ་བསྐུལ་མ་འདེབས་པ་དང༌། །ཤར་བུ་དྲ་བ་ཤཱ་རི་ཀ །རི་སྐེགས་ཞེས་པའི་བྱ་ཡི་མིང༌། །ཤ་གོས་ནང་གོས་ཤ་འགག་ནི། །ཕུ་ཐུང་ཤཱ་ཝ་རི་རྔོན་པ། །ཤུར་བུ་སྐ་རགས་རིང་པོ་(ཞེང་ཆེ་ལ་སྲབ་ཅིང་ལེབ་པ་ཞིག་གོ)དང༌། །ཤུར་བུ་ཁྲེའུ་ཞེས་པ་(སྐུད་པ་ཁྲ་བོ་ལས་བཏགས་པ་བུག་མིག་ལྔའམ་དྲུག་རིམ་དུ་བཏོད་པ་ཞིག་གོ)ནི། །སྐ་རགས་ཐུང་ངུ་ཤུབ་བུར་སྨྲ། །ཞེས་པ་ཁ་རོག་པར་སྨྲ་བ། །ཤེད་མཐུན་གྲོགས་པོ་ཤེ་མུན་ནི། །མུན་པའི་ཁང་པའམ་བཙོན་ཁང་མིང༌། །ཤུན་པ་པགས་པ་ཤོབ་བེ་རྫུན། །ཤོབ་ནི་རྫུན་དང་ཁྲལ་གྱི་མིང༌། །ཤུག་ནུར་ཞེས་པ་གླལ་བ་དང༌། །ཤུད་པ་འབྱིལ་བའམ་ཉིལ་བ་སྟེ། །ཤང་ཚེ་འུ་སུ་ཤ་གཅིག་པ། །བློ་གཅིག་པ་སྟེ་ཡིད་མཐུན་པ། །ཤས་ཙམ་ཉུང་ཟད་ཤས་བཟང་བ། །རྒྱུ་དག་བཟང་དང་ཤ་བལ་ནི། །ས་དྲེགས་(ས་གཞི་བ་ཚྭ་ཅན་ལ་སྐྱེས་པའི་དཀར་ཤ་ལྟ་བུ)ཞེས་པའི་ཤ་མོའོ། །ཤང་ལང་རལ་གྲི་རིང་པོ་དང༌། །ཤེད་བདག་གང་ཟག་ཤེད་བུ་དང༌། །ཤེད་ལས་སྐྱེས་གཉིས་མི་སྤྱིའི་མིང༌། །ཤེད་དབྱེ་མཁས་པ་བརྡ་དོན་ལ། །བྱང་བའི་མིང་དང་ཤེད་ནི་ཡིད། །སྨྲ་བར་བྱ་དང་སྟོབས་སམ་ཤུགས། །ཤེད་མ་བྱེ་བ་བརྡ་ཡི་དོན། །འབྱེད་མི་ཤེས་པའམ་བྱིས་པའི་མིང༌། །ཤེན་པ་(བཤེན་པ་དང་གཤན་པའང་སྣང)བཤན་པའམ་མྱུར་བ་དང༌། །ཤན་པ་གྲུ་པ་ཤལ་བ་ནི། །རྨོས་ཤུལ་སྙོམ་བྱེད་ཤིང་གི་མིང༌། །ཤེས་པ་ཅན་ནི་མུ་སྟེགས་པ། །ཤེན་ཏེ་མ་ནི་ངན་པ་དང༌། །ཤོར་བ་བཀྲབས་པ་ཤོ་གམ་པ། །ཡུལ་གྱི་ཚུགས་པ་ཤ་རྐྱང་ངོ༌། །

གཤུང་བ་ཤུབ་བུས་སྨོད་པའམ། །ཡང་ན་ངོས་ཀྱི་སྐྱོན་བརྗོད་པ། །གཤེ་བ་སྤྱོ་བའམ་སྐུར་འདེབས་མིང༌། །གཤའ་མ་བདེན་པའམ་ཡང་དག་དང༌། །གཤེན་རབ་བོན་སྟོན་གཤོར་ནི་སྣོད། །སྤྱི་དང་བྱེ་བྲག་ཐོད་པའི་མིང༌། །གཤོར་བ་རྩུབ་པའམ་གཟིངས་པ་དང༌། །གཤོས་(བཤོས་ཀྱང)ནི་འཁྲིག་པ་གས་འཕུལ་ཤའོ། །

བཤང་གཅི་རྟུག་གཅིན་བཤང་ལམ་རྐུབ། །བཤངས་པ་བཤང་བ་དོར་བ་དང༌། །བཤུག་པ་སློང་མོ་བསླང་བ་དང༌། །བཤུང་བ་སྨོད་པའམ་དམའ་འབེབས་པ། །བཤུལ་ནི་ལམ་མམ་སྒལ་པ་དང༌། །བཤལ་ཕར་ནི་ཚུར་དྲུད་པའི་དོན། །བཤའ་ཚེ་(ཏི་ཚ་ཡང་ཟེར)ཞ་ཉེ་དཀར་པོ་སྟེ། །བཤོད་ནི་ཞོལ་ལ་བཤོངས་ནི་སྡིངས། །བཤེས་ཀྱི་ཁེ་འདོད་ཅེས་པ་ནི། །ཆོས་ཀྱི་ཞར་ལ་འཇིག་རྟེན་གྱི། །ཁེ་འདོད་པ་དང་བཤོར་བ་སྣོད། །བཤོལ་འདེབས་ཕྱི་བཤོལ་བྱེད་པ་དང༌། །བཤོས་ནི་ཞལ་ཟས་བས་འཕུལ་ཤའོ། །

༼ས༽

སག་རྩ་སྐྱེལ་ནི་དམ་བཅའ་བརྟན། །སད་པ་(ཉམས་སད་པ་སྟེ་གཉིད་དང་བག་ཆགས་སད་པ་ཡང་ངོ)བརྟག་པ་ས་འཁྲུ་བ། །ཕག་ཉན་པ་འམ་བྱ་ར་པ། །ཡང་ན་མེལ་ཚེ་བ་ཡི་མིང༌། །སར་མི་བང་ཕྱིན་སིམ་ནི་བདེ། ། སུག་པ་ལག་པའི་མིང་ཡིན་ཅིང༌། །སྐབས་འགར་རྐང་པ་ལ་ཡང་འཇུག །སེར་རྩའི་གོས་ནི་གསེར་ཤིང་གི ༑རྩྭ་ཡི་ཡལ་ག་ལས་བྱུང་བའམ། །ལྷ་ཡི་ཤིང་ལས་བྱུང་བའི་གོས། །སེལ་པོ་(ལྕི་བ་སོགས་འཁུར་རྒྱུའི་སྣོད)སྣོད་དང་སུན་ཅི་ཕྱིན། །རང་གིས་རང་ཉིད་སུན་འབྱིན་པ། །ས་ཧ་ཀ་ར་ཨ་མྲ་དང༌། །སཱ་ལ་སྤོས་དཀར་ཤིང་གི་མིང༌། །ས་དགའ་ཀུ་མུད་ས་བོན་མཛོད། །པདྨའི་ལྟེ་བ་ས་གཤིན་པོ། །འབྲུ་ཀུན་ལེགས་པར་བསྐྱེད་པའི་ས། །སང་ཕོད་ལོ་ནི་རྗེས་མ་དང༌། །ས་ལེ་སྦྲམ་ནི་གསེར་གྱི་མཆོག །ས་ལུ་(འབྲས་མཐུག་པོ་ཆེ་སྟེ་བཙོས་ནས་སུམ་འགྱུར་དུ་འཕེལ་བའོ)འབྲས་དང་སུ་ར་ཆང༌། །སུ་ལུ་ཀ་ནི་འབྲུའི་ཆང་དང༌། །སུག་ཏ་བཅོས་པའི་ཆང་གི་མིང༌། །སོ་སྟོར་སོ་ཟིང་སོན་པ་ནི། །ཕྱིན་པའམ་འབྱོར་པ་སར་པ་དག ། གསར་པ་སོམ་ཉི་ཐེ་ཚོམ་དང༌།། སོ་ཚིས་(སོ་ཚིགས་ཀྱང)ཞེས་པ་འཚོ་ཐབས་དང༌། །སོ་ནམ་སེང་མ་ལན་ཀན་མིང༌། །སེག་རྡར་ལྕགས་རྡར་སེལ་གྱིས་དག །སྐྱོན་གྱིས་དག་དང་སུང་ནི་རྙིངས། །ས་ཐམས་ཞེས་པ་སའི་དོང་དང༌། །ས་ཕག་ཕ་གུ་སོ་ཕག་ནི། །སོ་བཏང་བ་ཡི་ཕ་གུ་སྟེ། །སར་ཅན་གཤེར་ཆེ་བ་ཉིད་དང༌། །སོ་གསོད་པ་ནི་དབེན་པའི་མིང༌། །སེམས་འཁོལ་བ་ནི་དགའ་བ་དང༌། །སེར་རྨེ་སེར་སྣ་སེམས་སྙ་བ། །བརྒྱལ་བའི་མིང་དང་སོ་འཚག་འཛོམ། །སེ་མོ་དོ་དང་མཆོད་ཕྱིར་ཐོགས། །རིན་པོ་ཆེ་དང་རུས་པ་ལས། །བྱས་པའི་ཁྱད་པར་མ་གཏོགས་པ། །གཉིས་ཀ་དོ་ཤལ་ཕྱེད་པ་སྟེ། །སེ་རལ་ཁ་ཡང་དེ་ཉིད་དོ། །སྲ་རྐྱང་ཞེས་པ་ཆོས་གོས་གསུམ།། ཕྲུགས་གཅིག་ཙམ་ལ་མཚམས་ནང་དེའི། །དགེ་འདུན་ཀུན་གྱི་བྱིན་རླབས་དག །ཆགས་པའི་དོན་དང་སྲ་སྲེ་སྡིག །སྲད་བུ་སྐུད་པ་སྲོ་གང་དང༌། །བསྲོ་ཁང་དང་ནི་སྲ་སྒོང་གསུམ། །ཁྲུས་དང་སྐུ་མཉེ་དྲིལ་ཕྱིས་མེ། །སྟན་རྣམས་ཀྱི་ནི་མིང་ལ་འཇུག །སྲིལ་ནི་སྲོག་ཆགས་མུག་པ་དང༌། །སྲིན་གྱི་མེ་ནི་འབུ་སྲིན་གྱི། །ཚོགས་སམ་སྡོམ་དང་འདྲ་བའི་འབུ། །སྲེ་མོ་མི་དྲེད་སྲེ་མོང་ནི། །ནེའུ་ལེ་དང་སྲིའུ་བུ་ཆུང༌། །སྲི་ནི་མཐར་བྱེད་ཀྱིས་ཟ་བའི། །ལམ་སྲོལ་བྱ་བ་སྲི་ཞུ་ནི། །དྲིན་བསམ་བཀུར་སྟི་བྱེད་པའི་མིང༌། །སྲེ་བོ་(སྤུ་མདོག་དམར་སྨུག་ལྟ་བུ)ཁྲ་བོ་སྲིབས་པ་ནི། །བསྒྲིབས་པའམ་གྲིབ་རི་མཚན་མོ་དང༌། །སྲེལ་བ་འཛིན་ཅིང་སྐྱོང་བའི་མིང༌། །སྲིང་མོ་ནུ་མོ་སྲེག་ཟ་མེ། །སྲོ་ཤི་བ་ནི་དཔའ་ཞུམ་པའམ། །ནུས་སྟོབས་ཉམས་པ་སྲུལ་ནི་རུལ། །སྲོད་འཇིངས་ས་སྲིབ་པ་དང་ནི། །སྲོལ་གོང་རྐེ་འམ་མགྲིན་པའི་མིང༌། །སླ་ནི་མིག་གིས་བལྟ་བ་དང༌། །སླགས་པ་བཀོད་པའམ་བཀླགས་པ་དང༌། །སྐྱོན་བྱུང་བ་དང་གཏད་པ་དང༌། །ཉེན་པ་སོགས་ཡིན་སླད་ཚ་(སླད་ཙ་ཡང)ནི། །མི་གཙང་བའམ་བཤང་བའི་མིང༌། །སླད་བཞིན་ཕྱི་བཞིན་སླད་རོལ་ནི། །ཕྱི་རོལ་སླས་ནི་བཙུན་མོའི་འཁོར། །སླེ་འདམ་མཚན་མ་ཆད་པ་དང༌། །སླེ་བ་ཡན་ལག་སྐྱོན་ཅན་ཏེ། །སླེ་ཡོན་བློ་སེམས་གྱ་གྱུ་ཅན། །སློང་ཕོར་ལྷུང་བཟེད་སློན་ནི་སྦྱོར། །སློབ་པ་འབུལ་བ་སློན་པ་ནི། །སྐྱུགས་པ་སློས་པ་ཟློས་པ་དང༌། །སློག་པ་(སླག་པ་ཡང)པགས་པའི་གོས་ཀྱི་མིང༌། །སླུ་གུ་སྣོད་ཆུང་ས་རྐྱང་ངོ༌། །

གསང་ཁུང་བཤང་ལམ་གསག་གསིར་ཏེ། །བང་ཁ་རྒྱུགས་ནས་མཆོངས་པ་དང༌། །གསར་བསྟོད་གསར་པ་གསས་མོ་ནི། །ལྷ་འདྲེའི་ལུས་གཡར་བུད་མེད་མིང༌། །གསུག་པ་རྔན་པ་གསེག་ཤང་དང༌། ། གསིལ་བྱེད་གཉིས་ནི་འཁར་གསིལ་མིང༌། །གསུད་པ་སྒྲེགས་པ་གསུས་པ་ནི། །ལྟོ་བའི་གྲོད་པ་གསོ་རས་ནི། །སོ་མ་ར་ཛའི་གོས་ཧྲུལ་ལམ། །གསོ་མས་བཏགས་པའི་རས་ཀྱི་མིང༌། །གསོག་ནི་སྙིང་པོ་མེད་པ་དང༌། །གསོབ་ནི་ཚུགས་མི་ཐུབ་པ་སྟེ། །གཉིས་ཀ་ཡང་ནི་བསླུ་བའི་དོན། །གསོང་པོར་སྨྲ་ནི་སྔར་སྨྲ་བའམ། །དྲང་པོར་སྨྲ་དང་གསོ་མ་(སོ་མ་ཡང)ནི། །གསར་པ་གསེག་མ་རྡོའི་དུམ་བུ། །གསུས་འཕྱང་རྔ་མོང་གསིག་པ་ནི། །ལུས་གསིག་པ་སྟེ་སྤྲུག་པ་དང༌། །གསོར་བ་ཨང་གསར་བྱེད་པ་དང༌། །གསོད་པོ་ལེགས་པ་གསེར་ཞལ་ནི། །ཞལ་རས་གསེར་སྐྱེམས་ཆང་ལྟ་བུའི། །ཞེ་སའི་ཚིག་སྟེ་གས་འཕུལ་སའོ། །

བསམ་བསེའུ་ལུས་ཀྱི་སྣོད་དྲུག་གི །ཡ་གྱལ་ཁུ་བའི་སྣོད་ཡིན་ལ། །བསེ་ཁ་སྒོ་ནི་ཤ་ར་བྷའམ།། སེངྒེ་རྐང་པ་བརྒྱད་པའི་མིང༌། །བསེལ་བྱེད་ལམ་སྐྱེལ་བསེལ་བ་ནི། །སྐྱེལ་མའམ་འཇིགས་པ་ལས་སྐྱོབ་པ། །བསུང་ནི་དྲི་ཞིམ་བསེར་བུ་དང༌། །བསེར་མ་གཉིས་ནི་རླུང་གི་མིང༌། །བསོད་པ་བཟང་པོའམ་ལེགས་པ་དང༌། །བསོད་ཉམས་པ་ནི་འདོད་པ་ལ། །ལྷག་པར་སྤྱོད་དང་བསེན་པ་ནི། །སེམས་ལ་བཅགས་ཤིང་མཛའ་བའི་མིང༌། །བསེན་ཁུས་པ་ནི་གཉེན་བསླུས་པ། །བསུག་པ་དང་ནི་བསུབས་པ་གཉིས། །ཕུར་དང་མཉེ་བའི་དོན་ཡིན་ཅིང༌། །བསོལ་དང་བསོང་པོ་འགྲོགས་བདེ་བ། །བསྲི་བ་མེད་ནི་བརྩམ་པ་མེད། །བསྲིང་བ་རིང་བའི་དོན་ཉིད་དང༌། །བསྲིངས་པ་བསྐུར་དང་སྤྲིངས་པ་དང༌། །བསྲེལ་བ་འཆང་བའམ་ཚགས་བྱས་སམ། །དོ་དམ་བྱས་དང་ཡོད་པའི་དོན། །བསྲིས་རྨེ་སེར་སྣ་བསླན་པ་ནི། ། བསྡུས་པའམ་ཕྱོགས་གཏོགས་བས་འཕུལ་སའོ། །

༼ཧ༽

ཧ་ལ་བོང་ང་ནག་པོ་དང༌། །ཧ་ལོ་ལྕམ་པ་ཕོ་རིགས་ཏེ། །ཧད་པོར་གློ་བུར་ཧགས་ཞེས་པ། །བུ་རམ་ལྦུ་བའི་ཕྱེ་མ་ནི། །རྡོག་པོར་མ་བྱས་པ་ཡི་མིང༌། །ཧབ་ཤང་མཚེའུ་(ཧབ་ཤ་ཙིའི་ཡང)དབང་ལག་དང༌། །ཧམ་ཡུ་ང་རྒྱལ་ཧོར་ཁོངས་ནི། །བར་བར་ས་སྟོང་ལུས་པའི་མིང༌། །ཧང་རལ་ཧང་ཚང་ཧང་བུག་སོགས། །བསྒྲིག་ཏུ་མི་རུང་བ་དང་ནི། །ཡང་ན་བར་ན་སྐྱོན་ཞུགས་པའམ། །ཀླན་ཀ་ཞུགས་པ་སོགས་ལ་འཇུག །ཧོར་འདྲ་ཞེས་པ་ཆེན་པོའི་བཀས། །དཔྱ་ཁྲལ་བསྡུ་བའི་མངག་གཞུག་པ། །ཧྲལ་པོ་འཆལ་བའམ་འདོད་ཞེན་ཅན། །ཧྲིལ་པོ་རིལ་པོ་ཧྲུལ་ནི་རུལ། །ཧ་ཤང་(རྒྱ་ནག་སྐད་ཡིན)བཙུན་པ་ལྷད་པ་ནི། །བྱི་བ་ལྷག་རོལ་ཟས་ལྷག་དང༌། །ལྷ་བ་རུས་པའི་ནང་གི་ཞག །ལྷགས་པ་གཏད་པ་ལྷ་འབངས་གཡོག །ལྷས་བསྐོས་དབང་ཐང་ལྷོགས་པ་ནི། །བསྡུས་པའམ་འཐུ་བ་བླངས་པའི་མིང༌། །ལྷ་ང་པུས་མོ་ལྷུམས་ནི་མངལ། །ལྷག་གནས་སྟ་གོན་ལྷམ་པ་དབྱིབས། །གྲུ་བཞི་པ་དང་ལྷུར་ལེན་པ། ། དང་དུ་ལེན་པ་ཧ་ཉིད་དོ། །

༼ཨ༽

ཨ་ལྕི་ཞེས་པ་ཕའི་མ་དང༌། །ཨ་ནུ་བྱིས་པ་ཨ་ར་བ། །ཇག་པའི་མིང་དང་ཨེ༌རཎྜ། །དན་རོག་ཡིན་ཅིང་ཨརྫ་ཀ །ལྕམ་པ་མ་ནིང་རིགས་ཀྱི་མིང༌། །ཨ་འཐས་ཞེན་པ་ཆེ་བ་དང༌། །ཨ་ཙ་མ་ནི་སྙིང་རྗེའི་ཉམས། །ཨར་མོ་ནིག་ནི་སྟན་རིང་པོ། །ཨེན་ཙམ་ཡུད་ཙམ་མམ་ཕྲན་བུ། །ཨ་བ་ལེ་བ་གདུང་བ་དང༌། །ཞེན་པ་སོགས་དང་ཨོང་དོ་འཕོངས། །ཨན་ནི་རྒྱབ་རུས་དང་པོ་དང༌། །ཨན་སྟོང་ཚིགས་པ་དང་པོའི་མིང༌། །ཨང་འགའ་རག་ནི་རྟོགས་ལྡན་གྱི། །དོར་མའི་མིང་དང་ཨི་ཐི་བ། །སྙིང་པོའི་དོན་དང་རྣལ་མ་ཡིན། །ཨེ་ལའི་འདབ་ནི་ཀླུ་རྒྱལ་དང༌། །ཨ་ཏི་ཤ་ནི་ཕུལ་བྱུང་ལ། །ཨ་ཧོ་རྨད་དུ་བྱུང་བ་སྟེ༑ ༑ཨེ་མ་ཧོ་ནི་ངོ་མཚར་བ། །ཨ་རོག་ཁྱ་ནི་ནད་མེད་པར། །གྱུར་ཅིག་ཅེས་པ་ཨ་ཉིད་དོ།། །།

སྨྲས་པ།

གཙུག་ལག་གཞུང་བརྒྱའི་མཛོད་ཀྱི་སྒོ་འཕར་བརྒྱ། །

འབྱེད་བྱེད་གསར་རྙིང་བརྡ་ཡིག་ལྡེ་འཕྲུལ་འདི། །

དོན་གཉེར་དག་པའི་སྣང་བ་དང་འགྲོགས་པའི། །

རྣམ་དཔྱོད་ལྡན་ལ་མཁོ་བ་སྨོས་ཅི་དགོས། །

མཁས་པར་རློམ་པའི་སྨིན་མ་གཟེངས་བསྟོད་ཀྱང༌། །

ལོག་རྟོག་འགྲིབ་ཀྱིས་བློ་མིག་ཆེར་ཉམས་ཤིང༌། །

ཕྱོགས་ལྷུང་མུ་ཅོར་སྒྲོག་ལ་དཔའ་རྣམས་ཀྱི། །

མིག་སྔར་མི་འབབ་ཕལ་ཆེར་ཀླན་ཀའི་རྒྱུ། །

འོན་ཏེ་སྙིགས་དུས་མཚན་རངས་དང་འགྲོགས་ཀྱང༌། །

གཟུར་གནས་ཉ་གང་ཟླ་བ་འགའ་མཆིས་ན། །

ཚུལ་འདིར་དགྱེས་འཛུམ་འོད་རླབས་ཅུང་ཟད་ཙམ། །

གྲོལ་བའང་སྲིད་སྙམ་རེ་བའི་མིག་མི་འཛུམ། །

དེ་ཕྱིར་སྔོན་རབས་མཁས་པའི་ཐུགས་མཛོད་ལས། །

བྱུང་བའི་བརྡ་དོན་རྣམ་མང་ནོར་བུའི་རིགས། །

ཀཱ་ལིའི་རིམ་པར་ཕྱོགས་བསྒྲིགས་སྲད་བུ་ལ། །

བདག་བློ་སོར་མོའི་འཕྲུལ་གྱིས་སྤེལ་བ་འདི། །

རྒྱ་བོད་མཁས་པའི་གཞུང་དོན་ལ་བལྟ་བའི། །

སྐྱེས་སྦྱངས་བློ་གྲོས་མིག་དཀྱུས་ཆེས་ཕྲ་བ། །

རང་དང་སྐལ་མཉམ་གསར་བུའི་བློ་ཅན་གྱི། །

རྣམ་དཔྱོད་མགྲིན་པའི་རྒྱན་དུ་མཁོ་འམ་སྙམ། །

དེ་ལྟ་བས་ན་ཚུལ་འདིའི་གྲུ་གཟིངས་ལ། །

བརྟེན་ནས་རབ་འབྱམས་གཞུང་ལུགས་ཆུ་གཏེར་ལས། །

དགོངས་དོན་ཡིད་བཞིན་ནོར་མཆོག་རབ་བླངས་ཏེ། །

རང་གཞན་འདོད་འཇོའི་ཐབས་ལ་གཞོལ་བར་རིགས། །

འདིར་འབད་བསོད་ནམས་རབ་དཀར་ཟླ་ཟེར་གྱིས། །

ཀུན་རྨོངས་མུན་པའི་གོ༌འཕང་རབ་བཤིག་སྟེ། །

ཤེས་བྱའི་རྣམ་གཞག་འཇོག་ལ་ཐོགས་མེད་པའི། །

ཐམས་ཅད་མཁྱེན་པའི་རྒྱལ་སར་མྱུར་འཁོད་ཤོག། །

ཅེས་བརྡ་གསར་རྙིང་གི་རྣམ་གཞག་ལེགས་པར་སྟོན་པ་གསར་བུའི་ཉེར་མཁོ་ཞེས་བྱ་བ་འདི་ནི། བཀྲས་ལྷུན་དཀྱིལ་ཁང་གྲྭ་ཚང་གི་སློབ་དཔོན་རིན་པོ་ཆེ་ཨོ་རྫོང་པ་དཀའ་ཆེན་བློ་བཟང་བཟོད་པའི་ཞལ་སྔ་ནས་སྔོན་གྱི་བརྡ་ཡིག་ཐོར་བུའི་རིགས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཀཱ་ལིའི་རིམ་པར་ཚིགས་བཅད་དུ་བསྒྲིགས་པ་འདི་ལྟ་བུ་ཞིག་གྱིས་ཤིག་ཅེས་བཀའ་གནང་བར་བརྟེན། རྒྱ་ཆེན་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་རྗེ་བཙུན་བླ་མ་ཝཱ་གིནྡྲ་གུ་ཎའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་ཆོས་མེད་སྙོམ་ལས་ཅན་གྱི་བཙུན་པ་རྗེ་དྲུང་ལྷུན་གྲུབ་བློ་ལྡན་དུ་འབོད་པས། ཐོབ་རྒྱལ་བླ་མ་རིན་པོ་ཆེ་ངག་དབང་སྙན་གྲགས་ཀྱིས་མཛད་པའི་བརྡ་ཡིག་པད་ཚལ་ཉིན་བྱེད་ཡོངས་རྫོགས་དང༌། །ཨ་ལག་ཤ་བསྟན་དར་བས་མཛད་པའི་བརྡ་ཡིག་བློ་གསལ་མགྲིན་རྒྱན་ནས་མཁོ་གནད་ཆེ་བ་ཕལ་ཆེར་ཕྱོགས་གཅིག་ཏུ་བཏུས། དེ་དག་ལ་མི་གསལ་བའི་རིགས་བརྡ་དག་གཞན་ནས་གང་རྙེད་ཀྱིས་ཁ་འགེངས་དང་བཅས་སྔ་མོ་ནས་ཕྱོགས་བསྒྲིགས་བགྱིས་ཏེ་ཕུལ་བར་དེ་འཕྲལ་པར་དུ་འགོད་པར་མཛད་འདུག་ཀྱང༌། མ་ཟིན་ལ་ཞུ་དག་ཞིབ་ནན་མ་སོང་བའི་རྐྱེན་གྱིས་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་ཡོང་བའི་ངེས་པ་མི་འདུག་པར་བརྟེན། སླར་ཡང་རང་ཉིད་ནས་བརྡ་དག་ཕལ་མོ་ཆེ་དང་གོ༌བསྡུར་ཞིབ་འཇུག་གིས་དབྲི་བསྣན་བསྒྱུར་བཀོད་དང་འབྲེལ་བར་ཁུངས་དག་པར་བཅོས་པ་ལས། ཡིག་སྡེབས་དང་ཚིག་སྦྱོར་གྱི་དབང་གིས་ཅུང་ཟད་ངོས་འཛིན་མི་བདེ་བའི་བརྡ་རྙིང་གང་ཡིན་ལ་གསལ་བྱེད་ཀླད་ཀོར་(ཅན་ལ་ཡིག་འབྲུ་ནག་པོར་བཀོད་ཡོད)གྱི་རྟགས་མཚན་རེ་དང༌། མིང་གསར་རྙིང་རེས་འགར་ཡིག་ཐོབ་ཀྱི་དོགས་པ་མ་ཆོད་པའི་རིགས་ལ་ཀུར་རྟགས་ཅན་(ཡིག་ཆུང་དུ་བཀོད་ཡོད)རེ་བཀོད་དེ་ལེགས་པར་སྦྱར་བ་འདིས་ཀྱང་ལུང་དང་རྟོགས་པའི་བསྟན་པ་རང་གཞན་ཡོངས་ཀྱི་རྒྱུད་ལ་གསལ་བའི་རྒྱུ་བྱེད་ནུས་པར་གྱུར་ཅིག།། །།

མཆན།   དག་ཡིག་འདི་བོད་གཞུང་ཤེས་རིག་དཔར་ཁང་ནས་དཔར་བསྐྲུན་མཛད་པའི་དེབ་གཟུགས་གཞིར་བཟུང་བསྒྲིགས་པའོ།།

 

བརྒྱུད་སྐུལ།

མཆན་སྤེལ།