ས་སྲོས་ཀྱི་འཆར་སྒོ།

ས་སྲོས་ཀྱི་འཆར་སྒོ།

ས་སྲོས་ཀྱི་འཆར་སྒོ།

བཀྲ་ཤིས་དཔལ་ལྡན།

དེ་རིང་གི་མཐའ་མཇུག་གི་འགྲུལ་པ་དང་ངའི་སྦྱིན་བདག་གི་རྐང་པ་པང་གཅལ་སྟེང་ནས་གཙང་འགྲམ་གྱི་གྲམ་པ་རློན་པ་དེའི་སྟེང་དུ་སྤོས་མཚམས་གཞི་ནས་ལུས་ཐོག་གི་ཁུར་པོ་ཆ་ཚང་ཕབ་ཟིན་པའི་སྣང་བ་བདེ་ཤིག་ཤིག་ཅིག་ངའི་ལུས་ཕུང་ཡོངས་ལ་ཁྱབ། ཉིན་གང་གཙང་ཆུའི་ནང་དབུགས་སུབ་ཐེབས་པའི་ལུས་པོའི་ཆ་ཤས་དེ་ཡང་རེ་ཞིག་ཆུ་ཁར་ཐོན་པའི་སྐལ་བ་ཐོབ་པས་དབུགས་རྔུབ་འཐེན་རིང་པོ་ཞིག་བྱས།

མཐའ་མཇུག་གི་འགྲུལ་པ་དེའི་ངོ་གདོང་ཧྲིལ་པོ་རྔུལ་ཆུ་ཐོན་ཤུལ་གྱིས་གང་བ་དང་སྐེད་པར་ཟད་ནས་འོད་ཐོན་པའི་བཙས་མ་རྔ་བྱེད་ཀྱི་ཟོར་བ་ཞིག་གཟེར་འདུག  དེ་རིང་ངས་ཁོའི་ཉམས་འགྱུར་དང་བཟོ་ལྟ་འདྲ་བའི་མི་མང་པོ་ཞིག་ཕར་སྐྱེལ་ཚུར་བསུས་བྱས་ཤིང་། ནམ་དུས་ཀྱི་སོ་ནམ་ལངས་པས་ཁོང་ཚོ་ཚང་མ་གཅིག་མཚུངས་ཀྱི་ལས་ཀ་བྱེད་པར་སོང་བ་དང་ཧ་ལམ་གཅིག་མཚུངས་ཀྱི་གོམ་པ་སྤོ་བཞིན་ལས་ཐག་བཅད་ནས་ལོག  སྦྱིན་བདག་གིས་ལྕགས་ཐག་སྦོམ་པོ་དེས་ང་གཙང་འགྲམ་དུ་བརྒྱབ་པའི་ལྕགས་ཕུར་སྦོམ་པོ་དེ་དང་སྦྲེལ་བ་དང་དེ་ནས་འགྲུལ་པ་དེ་དང་མཉམ་དུ་ལག་གཉིས་རྒྱབ་ལག་བཅས་པ་དང་སྐེད་པ་ཅུང་གུག་པའི་གོམ་པ་སྤོ་བཞིན་གྲོང་ཚོའི་ནང་དུ་ལོག

 

གཙང་པོ་བརྒལ་རྗེས་གྲུ་ཆུང་ལ་ཕྱིར་བལྟས་ཀློག་མཁན་ཧ་ཅང་ཉུང་བ་དང་གལ་ཏེ་ཕྱིར་བལྟས་སློག་པའི་དབང་དུ་བཏང་ནའང་དེ་ནི་སོ་སོའི་ཅ་དངོས་གྲུ་ཆུང་སྟེང་དུ་ལུས་ཡོད་མེད་ཞིབ་བཤེར་བྱེད་མཁན་ཡིན་པ་ལས་གྲུ་ཆུང་ལ་ལྟ་བ་གཏན་ནས་མིན། དེ་རིང་གི་མཐའ་མཇུག་གི་འགྲུལ་པ་དེར་གྲུ་ཆུང་སྟེང་ལུས་དོགས་ཀྱི་ཅ་དངོས་གང་ཡང་མེད་པས་སོ་སོའི་དོན་གང་ཞིག་ལ་བསམ་བློ་གཏོང་བཞིན་གོམ་པ་མདུན་དུ་སྤོ་བ་ལས་ཕྱིར་བལྟས་སློག་མ་སོང་། འོན་ཀྱང་གཉན་པ་དེ་ནི་ཇི་ལྟར་ན་ཡང་ངའི་སྦྱིན་བདག་ཡིན་པ་དང་ཁོང་གི་ལས་དབང་ང་དང་དམ་པོར་འབྲེལ་ཡོད་པས་མདུན་དུ་གོམ་པ་ཁ་ཤས་སྤོས་མཚམས་ཕྱིར་བལྟས་ཤིག་སློག་པ་དང་གྲུ་ཆུང་དམ་པོར་བཏགས་ཡོད་མེད་ལ་སྣང་འཇོག་བྱས། ཁོང་གཉིས་གྲོང་ཚོའི་ནང་དགོང་ཐུག་སྐོལ་བའི་དུ་ཞགས་ཀྱི་དར་སངས་ཁྲོད་དུ་ཡལ་བ་དང་ལྷིང་འཇགས་པའི་གཙང་གཞུང་ཧྲིལ་པོ་ང་ལ་དབང་།

ངའི་སྒལ་པར་བརྟེན་ནས་གཙང་པོ་སྒྲོལ་མཁན་ཕལ་མོ་ཆེ་ངས་ངོ་ཤེས་པ་དང་ཁོང་ཚོ་ཚང་མའི་ཁྱིམ་ཚང་གི་གནས་ཚུལ་དང་མི་སོ་སོའི་མི་ཚེའི་རྣམ་ཐར། དེ་བཞིན་ཕན་ཚུན་གྱི་འབྲེལ་བ་ཡང་ངས་ཤེས། ཁོང་ཚོ་ཚང་མ་གཙང་པོའི་གཡས་གཡོན་དུ་ཆགས་པའི་གྲོང་ཚོའི་མི་ཡིན་པ་དང་མི་རབས་ནས་མི་རབས་གཙང་གཞུང་དུ་འཚོ་བ་བསྐྱལ་ནས་སྡོད་མཁན་ཞེ་གཅིག་ཡིན་པས་ཁོང་ཚོ་གྲུ་ཆུང་ནང་འཛུལ་སྐབས་ཀྱི་རྣམ་འགྱུར་ལ་བལྟས་པ་ཙམ་གྱིས་ཁོང་ཚོའི་སེམས་ནང་གི་དགའ་སྐྱོ་ཆགས་སྡང་ཤེས་ཐུབ། སྐབས་འགར་སྐྱེ་བོ་རྒྱུས་མེད་རེ་གཉིས་ཡོང་ན་ཁོང་ཚོའི་ལུས་ཐོག་ནས་ཡུལ་འདིའི་སྐྱེ་བོ་ལ་མེད་པའི་ཉམས་འགྱུར་ཞིག་དང་དྲི་རྒྱུས་མེད་ཅིག་ལྡང་རྒྱུ་ཡོད་ནའང་ཡུན་རིང་པོ་མི་འགོར་བར་ཡུལ་འདིའི་ས་ཆུ་འདྲིས་པ་དང་ཡུལ་འདི་གའི་སྐྱེ་བོ་ཚོའི་དང་གཞི་གཅིག་ཏུ་གྱུར་པས་ངས་ཁོང་ཚོའི་ཐོག་ནས་མི་འདྲ་ས་གང་ཡང་རྙེད་རྒྱུ་མེད་པར་གྱུར།

ང་ཐོག་མར་འདིར་འབྱོར་མ་ཐག་པའི་སྐབས། འདི་གའི་སྐྱེ་བོ་ཚང་མས་ཡ་མཚན་གྱི་འདྲེན་བྱེད་ཀྱིས་ང་ལ་ལྟ་བ་དང་ཚང་མའི་བཞིན་ལས་ཧ་ལས་དང་ཡིད་ཆེས་ཆ་ཚང་མེད་པའི་རྣམ་འགྱུར་མངོན་ཡོང་། འོན་ཀྱང་ང་འབྱོར་མ་ཐག་ང་ཚོའི་གོང་གི་མི་རབས་དུ་མར་ཞབས་འདེགས་ཞུ་མྱོང་བའི་ཀོ་གྲུ་ནག་ཆུང་རྒན་ཡོལ་ཞུས་པ་དང་སོ་སོར་བདག་པའི་གཙང་གཞུང་ནས་དུས་གཏན་དུ་བྲལ་བའི་ལས་ལ་བཟློག་ཐབས་གང་ཡང་མ་བྱུང་བ་དང་འདི་གའི་མི་རྣམས་ཀྱང་ང་དང་གྲོགས་པོ་མ་འགྲིག་ཀ་མེད་དུ་གྱུར། དུས་ཡུན་རིང་པོ་མ་སོང་བར་ང་དང་གཙང་གཞུང་གི་སྐྱེ་བོ་རྣམས་རྦད་དེ་འདྲིས་ནས་སྐྱེ་བོ་གསར་པ་ཚོ་དང་འདྲ་བར་ཚང་མ་ས་འདིར་དབང་བ་དང་ཚང་མ་ས་འདིའི་བདག་པོར་གྱུར།

ད་ལྟ་གྲོང་ཚོའི་ནང་གི་སྐྱེ་བོ་ཚང་མ་རང་རང་གི་གནས་མལ་དུ་འཁོད་པ་དང་འབྱོར་ཕྱུག་དང་དགའ་སྐྱོའི་དབྱེ་བ་གང་ཡང་མེད་པར་དགོང་ཟས་གྲ་སྒྲིག་བྱེད་བཞིན་ཡོད་ཚུལ་ནི་ཐར་ཐོར་དུ་ཆགས་པའི་ཁང་ཁྱིམ་སོ་སོའི་དུ་བ་ལས་རྟོགས་ཐུབ། གཙང་འགྲམ་སླར་ཡང་ལྷིང་འཇགས་སུ་གྱུར།

སྒོ་ཕྱུགས་ཆེ་ཆུང་ཚང་མས་ལྕི་བ་དང་རིལ་མ་གཏོང་བཞིན་བྲེལ་སྔངས་སྤངས་ནས་ས་རྡོ་ལས་གྲུབ་པའི་ར་བ་ནག་ཁུང་ནང་འཛུལ་ཏེ་ངལ་གསོར་ཞུགས་པ་དང་། རྩེད་མོར་དགའ་བའི་བྱིས་པའི་ཁྱུ་གྲོང་ཚོའི་དབུས་ཀྱི་ཐང་སྡེར་ཐོག་འཛོམས་ནས་གབ་རེས་འུབ་རེས་རྩེད་འགོ་ཚུགས། འདམ་བྱིའུ་ཁ་ཤས་སྒྲ་མེད་པར་ངའི་མགོ་ཐོད་ནས་མདའ་འཕངས་པ་བཞིན་ཕར་ཚུར་འཕུར་ཞིང་ལྡིང་ཚུལ་ལ་བལྟས་ན་ད་དུང་ཅི་ཞིག་ཐོབ་རེ་བྱེད་པའམ་ཡང་ན་ང་ལ་ཡུད་ཙམ་སྡོད་གྲོགས་བྱེད་འདོད་ཡོད་པ་དང་འདྲ། འགྲུལ་པ་ཕྱེད་ཙམ་ལས་མེད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་མཚམས་སྤྲིན་གྱི་འོད་མདངས་ཕོག་ནས་དམར་སེར་དུ་གྱུར་པའི་གཞུང་ལམ་སྟེང་ནས་གཅིག་པུར་བྲེལ་བྲེལ་འཚུབ་འཚུབ་ངང་བཞུད་སྟངས་ལ་བལྟས་ན་ཁོ་ཞོགས་པར་གྲོང་ཁྱེར་ནས་ཐོན་སྐབས་འགྲུལ་པ་གང་བ་མ་འབྱོར་པའི་ཁར་ལམ་བར་དུ་རླངས་འཁོར་ལ་སྐྱོན་ཤོར་ནས་འགོར་འགྱང་སོང་བ་ཐག་ཆོད། དེས་མིན་ན་འགྲུལ་པ་གཞན་དག་སྔ་ས་ནས་རང་རང་གནས་མལ་དུ་འབྱོར་ཟིན་པ་དང་སྐབས་འདིར་རླངས་འཁོར་འགྲུལ་བཞུད་ཧ་ལམ་ཆད་ནས་གཞུང་ལམ་ཧྲིལ་པོ་གཙང་འགྲམ་བཞིན་འཇམ་ཐིང་ཐིང་དུ་གནས།

ཉིན་མོའི་རིང་གི་འཁྲུག་ཆ་དོད་པོ་དེ་གར་སོང་ཆ་མེད་དུ་གྱུར་ནས་གཙང་འགྲམ་དུ་གཅིག་པུར་ལུས། གལ་ཏེ་ཀོ་བ་ནག་ཆུང་ཡིན་ན་གཉན་པས་སྒལ་པར་འཁུར་ནས་ཀོ་བའི་ཁང་ཆུང་ནང་འཇོག་པ་དང་ཁང་ཆུང་ཇི་ལྟར་གཞན་ནའང་མཚན་མོའི་རིང་ལུས་ཐོག་གི་ཆུ་རལ་ཐིགས་ནས་གཉིད་ལྷོད་པོ་ཞིག་ཉལ་རྒྱུ་ཡོད། གལ་ཏེ་ང་གྲུ་ཆེན་ཞིག་ཡིན་ན་གློག་འཕྲུལ་གྱི་འུར་སྒྲ་དང་གློག་འོད་ཀྱི་གཟི་མདངས་རྟག་ཏུ་འཕྲོས་ནས་ཡལ་བར་མི་སྲིད་ལ་གྲུ་དཔོན་དང་སྲུང་བྱ་རེ་མོས་ཀྱིས་ང་ལ་སྐོར་གཡེང་བྱེད་སྲིད་པས་དེ་ཇི་འདྲའི་གཟི་བརྗིད་དང་སྤྲོ་སྣང་ལྡན་པ་ཞིག་རེད་ཨང་། འོན་ཀྱང་ང་ནི་ཆེས་སྤྱིར་བཏང་གི་གྲུ་ཆུང་ཞིག་ཡིན་པས་ཀོ་བ་ནག་ཆུང་གྱི་སྟབས་བདེ་དང་གནའ་ཉམས་མེད་ལ་གྲུ་ཆེན་ལྟར་གྱི་གཟི་བརྗིད་དང་སྟོབས་ཤུགས་མེད་པར་ས་འདིའི་གཙང་པོའི་གཡས་གཡོན་གྱི་གྲོང་ཚོ་ཐར་ཐོར་འདི་དག་གི་སྐྱེ་བོ་དང་དུད་འགྲོ་སྒྲོལ་རྒྱུ་ཁོ་ན་ངའི་ཕྲག་ཐོག་ཏུ་བབས་ནས་ས་སྲོས་སླེབས་རིམ་བཞིན་ང་གཅིག་པུ་གཙང་འགྲམ་དུ་ལྕགས་ཐག་ལ་འཇུས་ཏེ་སྡོད་རྒྱུ་དེ་འགྱུར་མེད་གཏན་སྲོལ་དུ་གྱུར། འོན་ཀྱང་དེ་ནི་སྐྱོ་སྣང་དང་ཡུལ་སྣང་གང་ཡང་མ་ཡིན་པར་ལྷིང་འཇགས་དང་ཏིང་འཛིན་གྱི་གོ་སྐབས་ཤིག་ཡིན་ལ། ངལ་གསོ་དང་རོལ་མྱོང་གི་གོ་སྐབས་ཤིག་ཀྱང་ཡིན། ས་སྲོས་ཀྱི་མཚམས་སྤྲིན་དང་ནུབ་མཐའི་འོད་ལྷག་གཙང་གཞུང་དུ་ཕོག་པའི་ཉམས་འགྱུར་ནི་ཇི་འདྲའི་ལྟ་ན་སྡུག་པ་ཞིག་རེད་ཨང་། ཀྱག་ཀྱོག་གི་ཤུལ་ལམ་ནས་གྱ་གྱུའི་གོམ་བགྲོད་བསྒྱུར་བའི་གཙང་ཆུ་ལ་ནུབ་མཐའི་འོད་མདངས་ཕོག་པ་ནས་གཙང་གཞུང་ཧྲིལ་པོ་འཇའ་ཚོན་གྱ་མ་གྱུ་ཞིག་ཏུ་གྱུར་པ་དང་གཙང་གཞུང་གི་བྱེ་གླེ་དང་ཚང་ཚིང་ལོ་མ་སེར་པོ་གནམ་མཐའི་མཚམས་སྤྲིན་དང་གཅིག་ཏུ་འདྲེས་པས་མཚམས་སྤྲིན་ཀྱི་འཚེར་མདངས་གཙང་གཞུང་དུ་འཕོས་སམ་ཡང་ན་གཙང་གཞུང་གི་བཀྲག་མདངས་ནམ་མཁར་འཕོས་སམ་འཕྱག་མོ་ཉུག  ཆུ་ལྷའི་འོད་མདངས་ཇེ་ཆུང་དུ་སོང་བ་དང་སྦྲགས་ཁོར་ཡུག་རིམ་གྱིས་མག་མོག་ཏུ་གྱུར་པ་དང་གཙང་ཆུའི་ངོས་ལ་འཕོས་པའི་འོད་མདངས་ཀྱང་ཇེ་ཕྲར་སོང་སྟེ་མཐར་གཙང་ཆུ་དང་གཙང་འགྲམ་མ་ལུས་ནམ་མཁའ་དང་གཞི་གཅིག་ཏུ་གྱུར་ནས་ནམ་མཁའ་གཙང་གཞུང་དུ་འཕོས་དང་གཙང་གཞུང་ནམ་མཁར་འཕོས་མིན་མིག་གིས་འབྱེད་པར་དཀའ།

རྣ་བར་ཐོས་པ་ནི་རྒྱུས་མངའ་ཆེ་བའི་གཙང་ཆུའི་བཞུར་སྒྲ་ཡིན་པ་དང་མཉམ་དུ་འགྲོགས་པ་ནི་དལ་ཁོམ་མེད་པར་རྒྱུ་བ་གཙང་ཆུ་སྔོན་མོ་ཁོ་ན་ཡིན་ཞིང་། དེ་ནི་ཐག་རིང་གི་ལུང་ཤུར་མི་འདྲ་བ་ནས་བཞུར་ཡོང་བ་དང་གངས་རི་ཆེ་ཆུང་འདྲ་མིན་ནས་བབ་འོངས་པ་ཤ་སྟག་ཡིན་པས་ངོ་བོ་འདྲ་བས་རྒྱུས་མངའ་ཡོད་ལ་སྐད་ཅིག་མི་སྡོད་པར་བཞུར་འགྲོ་བས་རྒྱུས་མེད་ཀྱི་མགྲོན་པོ་ཞིག་ཏུའང་སྣང་། འཇམ་ལ་གཉེན་པའི་གཙང་ཆུའི་ཡན་ལག་གིས་ངའི་བྲང་ཁར་ཡང་མོ་རེ་སྡེབ་བཞིན་ཕྱི་བལྟས་མེད་པར་བཞུར་འགྲོ་ཚུལ་ནི་ཁོང་ཚོས་ང་གཉིད་ལྕོག་རྒྱག་པར་དོགས་ནས་དྲན་སྐུལ་བྱེད་པ་དང་འདྲ་ལ་ཁོང་ཚོས་མཛའ་བརྩེའི་རྣམ་འགྱུར་སྟོན་བཞིན་གཡབ་མོ་བྱེད་པ་དང་འདྲ། དེ་གར་ཡང་ཡང་འབྱོར་བའི་མགྱོགས་འགྲོས་ཀྱང་ངའི་ལུས་པོ་དཀྲུག་དཀྲུག་གིས་སྐུལ་བར་བྱེད་སྟངས་ལ་ལ་བལྟས་ན་ཁོང་ཚོས་ང་ལ་མཉམ་དུ་བཞུད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་པ་ཐག་ཆོད། ཕྱི་ངོས་ཀྱི་འཇིག་རྟེན་འཇའ་ཚོན་ཇི་བཞིན་མཛེས་ཞེས་ཤོད་སྲོལ་ཡོད་པས་གལ་ཏེ་ཁོང་ཚོ་དང་འགྲོགས་ནས་བཞུད་ཚེ། གཅིག་བྱས་ན་གློག་འོད་རབ་ཏུ་བཀྲ་བས་ཉིན་མོའི་སྣང་བ་འཕྲོག་པར་བྱེད་པ་དང་འཁྲུག་ཆ་དོད་པས་ཉིན་མཚན་གྱི་ཁྱད་པར་མེད་པའི་གྲུ་ཁ་ཞིག་ཏུ་འབྱོར་ནས་གཟི་བརྗིད་དང་སྤྲོ་སྣང་གཉིས་ལྡན་གྱི་བསོད་ནམས་བགོ་སྐལ་དུ་འབབ་སྲིད་ལ། གཅིག་བྱས་ན་མཐའ་ཡས་རྒྱ་མཚོ་ཆེན་པོའི་ནང་འབྱོར་ནས་ཕྱོགས་བཞིའི་ཁ་ཕྱོགས་མི་ཤེས་པར་གོ་མེད་ཚོར་མེད་དང་ཧང་གཡེང་ངང་མཚོ་ཐོག་ནས་མི་ཚེ་འཁྱོལ་བར་ཡང་སྲིད། དེ་ལྟར་ནའང་ཁོ་བོ་ནི་ས་འདིར་དབང་བ་དང་སྔར་བཞིན་གཙང་པོའི་གཡས་གཡོན་གྱི་སྐྱེ་བོ་འདི་དག་ལ་ཡིད་ཆེས་ཤིང་། ཁོང་ཚོ་ནག་འཐིབས་འཐིབས་ཀྱི་རྡོ་ཁང་ནང་དབེན་ཐིང་ངེར་གནས་པ་དང་དབེན་ཞིང་འཇམ་པའི་གཙང་གཞུང་དུ་གཅིག་པུར་སྡོད་པ་གཉིས་ལ་ཁྱད་གང་ཡང་མེད་པ་དང་། སུ་ཡང་སུ་ལས་ལྷག་པ་མེད་པ་དང་སུས་ཀྱང་སུ་ལ་གྱོང་གུད་བཏང་བ་མེད་པ་དང་། ངེད་གཉིས་ཀྱི་ལས་དབང་དང་གཤིས་རྒྱུད་གཅིག་ཏུ་འདྲེས་ཟིན་པས་ང་གནས་འདི་ནས་བྲལ་ཅི་ལ་བཟོད། ཉིན་བྱེད་ཀྱི་འོད་སྣང་གཙང་གཞུང་དུ་འཕྲོས་པའི་ཚེ་སླར་ཡང་ངའི་རྒྱུས་མངའ་ཅན་གྱི་གཙང་འགྲམ་མཛེས་ཤིང་འཁྲུག་ཆ་དོད་པ་དང་དོན་ཡོད་པར་འགྱུར་རྒྱུ་ཡིན་པས་ངའི་ཕུ་ཐུང་ནས་ཡང་ཡང་འཐེན་བཞིན་བཞུར་འགྲོ་བའི་རོགས་ཟླ་དེ་དག་རང་དགར་བཞུར་དུ་བཅུག་ཐོག་སྐྱ་རེངས་ཀྱི་འོད་སྣང་གསར་པ་འཆར་བར་སྒུག།།

 

 

བརྒྱུད་སྐུལ།

མཆན་སྤེལ།