སློབ་ཆུང་སློབ་མའི་སློབ་སྦྱོང་བྱེད་སེམས་སྐྱེད་བསྲིང་ཇི་ལྟར་བྱེད་དགོས་ལུགས་སྐོར་མདོ་ཙམ་གླེང་བ།

སློབ་ཆུང་སློབ་མའི་སློབ་སྦྱོང་བྱེད་སེམས་སྐྱེད་བསྲིང་ཇི་ལྟར་བྱེད་དགོས་ལུགས་སྐོར་མདོ་ཙམ་གླེང་བ།

ཚང་མས་མཁྱེན་གསལ་ལྟར་ཕྲུ་གུ་ནི་མེས་རྒྱལ་གྱི་མ་འོངས་པ་རེད་ལ་མི་རིགས་ཀྱི་རེ་བ་ཡང་རེད།དེས་ན་ཕྲུ་གུར་ཡང་དག་པའི་ཀུན་སྤྱོད་སློབ་གསོ་དང་ཡངས་ཤིང་རྒྱ་ཆེ་བའི་ཤེས་བྱའི་ལམ་བུ་བསྩལ་དགོས་པ་ནི་རྒྱལ་ཁབ་དང་། ཕ་མ། དགེ་རྒན་བཅས་ཚང་མའི་འོས་འགན་ཡིན་ལ་དུས་རབས་ཀྱིས་ང་ཚོར་བཅོལ་བའི་རེ་བ་ཡང་ཡིན། མ་གཞི་རང་ཉིད་ཤེས་ཡོན་གྱིས་ཕྱུག་པ་ཞིག་མིན་ལ་སློབ་གསོ་སློབ་ཁྲིད་ཐད་གྲུབ་འབྲས་ཕུལ་དུ་བྱུང་བ་ཞིག་མིན། འོན་ཀྱང་གཅིག་ནས་རང་ཉིད་ནི་དགེ་རྒན་ཞིག་ཡིན་པ་དང་གཉིས་ནས་ལོ་མང་སློབ་མ་དང་འབྲེལ་འདྲིས་བྱས་པའི་ཉམས་མྱོང་གང་ཙམ་ཡོད་ཁུལ་ལ་གཞིགས་ནས་འདི་གར་སློབ་ཆུང་སློབ་མའི་སློབ་སྦྱོང་བྱེད་སེམས་སྐྱེད་བསྲིང་བྱེད་ཐབས་སྐོར་མདོ་ཙམ་གླེང་བར་འདོད་པ་སྟེ།


དང་པོ། ལུགས་དང་མཐུན་པའི་སློབ་གསོ་གཏོང་དགོས།
ལོ་རྒན་དྲུག་ཅུར་ཡང་གཅུན་མཁན་དགོས་ཞེས་པའི་དཔེ་ལྟར་མི་ལ་སྐྱོན་མེད་པ་དང་ཤིང་ལ་འཛེར་པ་མེད་པ་ཞིག་ཡོང་མི་སྲིད་པས་སྐབས་འཕྲལ་དང་དུས་ཐོག་གི་སྐྱོན་སེལ་སློབ་གསོ་མྱོང་ཐུབ་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། ལྷག་པར་དུ་སྤྱི་ཚོགས་ཐོག་སླེབས་ནས་ལོ་ཤས་ལས་མ་སོང་བའི་སློབ་ཆུང་སློབ་མ་ཞིག་གི་ངོས་ནས་བརྗོད་ན་བྱ་དངོས་ཐམས་ཅད་གསར་པ་དང་ཁྱད་མཚར་ཅན་ཁོ་ནར་མངོན་པས་ཡོད་ཚད་ལ་ལག་པས་རེག་གང་ཐུབ་པ་དང་མིག་གིས་བལྟ་གང་ཐུབ། ལད་མོ་བྱེད་གང་ཐུབ་བྱེད་པ་ལས་དེ་དག་གི་ལེགས་ཉེས་དང་། བླང་དོར་གྱི་ཆ་ལ་ཤིན་ཏུ་རྨོངས་པས་ཕྲུ་གུས་བྱས་པའི་བྱས་ཉེས་མང་པོ་ཡོད་པ་ང་ཚོས་མིག་མཐོང་ལག་ཟིན་ཡིན། དེ་བཞིན་དུ་ཕ་མས་ཕྲུ་གུ་སློབ་གྲྭར་བསྐྱལ་ནའང་ཕྲུ་གུས་སློབ་སྦྱོང་བྱེད་པ་ནི་གང་གི་ཆེད་དུ་ཡིན་པ་མི་ཤེས་ལ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ཡང་མི་ཤེས་པས་ཕྲུ་གུ་མང་པོ་སློབ་གྲྭའི་སློབ་སྦྱོང་གི་འཚོ་བ་ལས་ཕྱི་ཡི་རྩེད་མོ་སྐྱིད་སྣང་དོད་པ་དང་དོན་སྙིང་ལྡན་པ་ཡོད་པའི་སྣང་བ་སྐྱེ་གི་ཡོད་པ་རེད། དེས་ན་ཕྲུ་གུར་ཡང་དག་ལུགས་མཐུན་གྱི་སློབ་གསོ་གཏོང་དགོས་པ་ནི་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡིན་པ་རེད། དེ་ཡང་ཐོག་མར་ཕྲུ་གུ་སློབ་གྲྭར་སླེབས་པ་ནས་བཟུང་སློབ་སྦྱོང་ལ་དགའ་ཞེན་དང་། དགེ་རྒན་ལ་གུས་ཞབས། སློབ་གྲོགས་དབར་ལ་མཐུན་སྒྲིལ། སྤྱི་རྫས་ལ་བདག་གཅེས། མི་བཟང་ལས་བཟང་གང་མང་བྱེད་དགོས་པའི་སློབ་གསོ་གཏོང་དགོས་ལ་གཟའ་འཁོར་རེ་རེའམ་དུས་མཚམས་རེ་རེར་ཕུལ་བྱུང་གི་སློབ་ཕྲུག་གམ་སྔོན་ཐོན་གྱི་ཚོགས་ཆུང་བདམས་ནས་དུས་ཐོག་ཏུ་གཟེངས་བསྟོན་བྱེད་དགོས་པ་མ་ཟད་མུ་མཐུད་རྒྱུན་འཁྱོངས་དང་ཡར་རྒྱས་གོང་འཕེལ་གཏོང་དགོས་པའི་སྐུལ་ལྕག་བྱེད་དགོས།
གཉིས་པ། སློབ་མར་དགོས་ངེས་ཀྱི་བསྟོད་བསྔགས་གཏོང་དགོས།
བསྟོད་པས་དགའ་བར་མི་འགྱུར་ཅིང་། སྨད་པས་ཞུམ་པར་མི་བྱེད་པ། རྟག་ཏུ་སྙོམ་པར་གནས་པ་ནི། སྐྱེས་བུ་དམ་པའི་མཚན་ཉིད་ཡིན་ཅེས་གསུངས་པ་བཞིན་བསྟོད་སྨད་ཙམ་གྱིས་བློ་མི་འགྱུར་བ་ནི་སྐྱེས་བུ་དམ་པའི་མཚན་ཉིད་ཡིན་རུང་། དེང་གི་སྤྱི་ཚོགས་འདིར་དེ་འདྲ་ཧ་ཅང་དཀོན། དེ་བས་སྐྱེས་བུ་མང་ཆེ་བ་ནི་བསྟོད་བསྔགས་ཀྱི་ཆ་ལ་དགའ་ཞིང་སྨད་པའི་ཚིག་གོ་བ་ཙམ་གྱིས་ཡིད་འཁྲུག་པ་བྱེད་པ་ཡིན། ལྷག་པར་དུ་ལོ་ཆུང་བྱིས་པ་ཞིག་གི་ངོས་ནས་བརྗོད་ན་རང་ཉིད་བསྟོད་ཚིག་ལ་ཉན་པར་སྤྲོ་བ་དང་བྱ་བ་གང་བྱས་ལ་མི་རྒན་པའི་བསྟོད་བསྔགས་ཐོབ་འདོད་ཀྱི་བསམ་པ་ཤིན་ཏུ་ཆེན་པོ་ཡོད་པ་རེད། དེས་ན་ཕྲུ་གུར་སློབ་གསོ་གཏོང་བའི་ཁྲོད་དུ་བསྔགས་བརྗོད་བྱེད་རྒྱུ་ནི་ཁོ་ཚོར་ཡར་ཐོན་གྱི་འབྲས་བཟང་ཐོབ་རྒྱུའི་བྱ་ཐབས་མེད་དུ་མི་རུང་བ་ཞིག་རེད། ད་དུང་དེང་སྐབས་གྲོང་གསེབ་ཀྱི་ཁུལ་མ་གཏོགས་གྲོང་ཁྱེར་སོགས་ས་ཆ་མི་ཉུང་བར་ཁྱིམ་ཚང་གཅིག་ལ་ཕྲུག་གུ་གཅིག་མ་གཏོགས་མེད་པས་གཅེས་ལང་དུ་ཤོར་རྐྱེན་བསྟོད་བསྔགས་ཀྱི་ཚིག་ཁོ་ན་ལས་སྐྱོན་བརྗོད་མི་ཐེག་པས་ཕྲུ་གུའི་ཀུན་སྤྱོད་དང་སློབ་སྦྱོང་སོགས་ཚང་མ་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་འགོག་རྐྱེན་འཕྲད་ཀྱི་ཡོད་པས་ཁོ་ཚོར་བསྟོད་བསྔགས་གཏོང་རྒྱུ་མི་བརྗེད་པ་བྱེད་རྒྱུ་ཧ་ཅང་གལ་ཆེ་ལ་བསྟོད་བསྔགས་ཚིག་སྙན་གྱི་ཁྲོད་དུ་དགོས་ངེས་ཀྱི་གནས་ལུགས་དང་ཡར་ཐོན་གོང་འཕེལ་གྱི་སློབ་གསོ་གཏོང་རྒྱུའང་དེ་བས་གལ་ཆེ། ང་ཚོས་ཕྲུ་གུ་མི་འདྲ་བའི་སྐྱོན་ཆར་རྒྱུས་མངའ་ཚགས་ཚུད་པ་ཞིག་ལོན་པ་བྱས་ཏེ་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་གནས་ལུགས་རྒྱུ་མཚན་དྲངས་བ་དང་། ལེགས་ཉེས་དབྱེ་འབྱེད་གསལ་པོས་སློབ་གསོ་གཏོང་བ། དེ་བཞིན་ཁོ་ཚོའི་དགེ་མཚན་ཏིལ་འབྲུ་ཙམ་ལའང་བསྟོད་བསྔགས་ཀྱི་ཚིག་སྙན་དྲངས་དགོས་ལ་བསྟོད་བསྔགས་གཏོང་སྐབས་ཀྱང་ཐོག་མར་ཁོ་ཚོར་རང་ཉིད་ཀྱི་སྐྱོན་ཆར་ངོས་འཛིན་དང་ཡོ་བསྲང་བྱེད་ཐུབ་པའི་བློ་ཞིག་སྐྱེ་ཐུབ་པ་བྱེད་དགོས། དེ་ནས་རང་ཉིད་ཀྱི་སྐྱོན་ཡོན་ལེགས་ཉེས་ཅི་ཞིག་ལའང་ཕྱོགས་སྡོམ་ཟབ་མོ་དང་སླད་ཕྱིན་སློབ་སྦྱོང་སོགས་རང་ཉིད་ཀྱི་འོས་འགན་ཆེ་ཆུང་གང་རུང་ཞིག་བསྒྲུབ་ཀྱང་དེར་ང་རྒྱལ་ཁེངས་དྲེགས་དང་། ཧོལ་རྒྱུགས་ལྷོད་གཡེང་གི་བསམ་བློ་མི་ཐོན་པའི་སྐུལ་མ་མང་ཙམ་གཏོང་དགོས། ཐ་ན་ཁོ་ཚོས་རང་ཉིད་ཀྱི་བསྒྲུབ་དགོས་པའི་འོས་འགན་ཆུང་ཆུང་ཞིག་ཡིན་ཡང་དེའི་ཐད་སྔར་ལས་ལྷག་པའི་རེ་བ་ནན་པོ་བཏོན་ཏེ་གྲུབ་འབྲས་ཀྱི་མདུན་དུ་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་འགུལ་ཤུགས་མི་ཉམས་པའི་སློབ་གསོ་གཏོང་དགོས།
གསུམ་པ། སྔ་དེང་གི་གྲགས་ཅན་མི་སྣ་དཔེ་རུ་དྲངས་ནས་སློབ་གསོ་གཏོང་དགོས།
བྱ་བ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན། ཞེས་གསུངས་པ་ལྟར་སློབ་ཆུང་སློབ་མར་སྔ་དེང་གི་གྲགས་ཅན་མི་སྣ་དཔེ་རུ་དྲངས་ནས་སློབ་གསོ་གཏོང་དགོས་པ་ནི་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡིན། དེ་ཡང་ལོ་ཆུང་བྱིས་པ་ནི་ཡོད་ཚད་ལ་ལད་མོ་བྱེད་དགའ་བ་མ་ཟད་ལྷག་པར་དུ་བརྙན་འཕྲིན་ནང་གི་བརྡ་ཁྱབ་ཀྱི་ཚིག་དང་རྐང་བྲོ་གླུ་གཞས་ལ་མཁས་པ་དག་ལ་དེ་བས་ལད་མོ་བྱེད་མཁས་པོ་ཡོད། ད་དུང་ཕྲུ་གུ་མི་ཉུང་བ་ཞིག་ནི་བརྙན་འཕྲིན་ནང་གི་དྲག་རྩལ་མི་སྣ་དང་དམག་འཁྲུག་གི་ལྟད་མོ། དམར་ཤེད་ཆེ་བའི་དཔའ་རྟུལ་སོགས་ལ་དགའ་ཞེན་ཆེ་བ་དང་དེ་དག་གི་བྱེད་ལུགས་ལ་ལད་མོ་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད། དེས་ན་ཕྲུ་གུའི་ལད་མོ་བྱེད་སྟངས་མི་འདྲ་བའི་དབང་གིས་ཕྲུ་གུའི་བྱ་སྤྱོད་ལ་ཤུགས་རྐྱེན་ཐེབས་ཏེ་ཕྲུ་གུ་ཁ་ཅིག་ཚིག་རྩུབ་དམོད་མོ་རྒྱག་རྒྱུར་དགའ་བ་དང་། ཁ་ཅིག་ན་ཟླ་རྣམས་དང་འཐབ་རྩོད་བྱེད་རྒྱུར་དགའ་བ་སོགས་ལས་ཕྲུ་གུའི་སློབ་སྦྱོང་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། དེས་མ་ཚད་སྐབས་འཕྲལ་སློབ་གསོ་གཏོང་མཁན་མེད་ཚེ་ངན་པ་ལང་ཤོར་དུ་སོང་ནས་ཕྲུ་གུའི་ལུས་སེམས་ལ་གནོད་སྐྱོན་ཚབས་ཆེན་ཕོག་གི་ཡོད། དེ་ཡང་བོད་ཀྱི་གཏམ་དཔེར་མི་ཞིག་ཡིན་ན་ཆུང་ནས་བྱུང་། རྟ་ཞིག་ཡིན་ན་རྟེའུ་ནས་བྱུང་ཞེས་གསུངས་པ་བཞིན་ཆུང་དུས་ཕྲུ་གུར་ཡང་དག་པའི་སློབ་གསོ་དང་མི་ཚེའི་ཁ་ཕྱོགས་སྟོན་ཐུབ་པ་བྱེད་དགོས་པའི་ཁར་རྣམ་ཀུན་སློབ་སྦྱོང་དང་འཚོ་བའི་ཁྲོད་གནའ་དེང་གི་གྲངས་ཅན་མི་སྣ་མིག་དཔེར་དྲངས་གང་ཐུབ་བྱས་ན་ཕན་པ་ཆེ་སྟེ། དཔེར་ན་སློབ་མ་ཆེ་གེ་མོའི་སློབ་སྦྱོང་གི་སྦྱངས་འབྲས་ཞན་པ་དང་སློབ་སྦྱོང་མི་བྱེད་པའི་སྐབས་སུ་ཨེ་ཏེ་ཧྲེང་དཔེ་རུ་དྲངས་ཏེ་ཁོང་གིས་འཚོ་བའི་འཁོས་ཀ་སྐྱོ་བ་དང་སློབ་གྲྭར་སྐྱོད་སྐབས་སློབ་སྦྱོང་གི་གྲུབ་འབྲས་ཤིན་ཏུ་ཞན་པས་སློབ་གྲྭ་ནས་ཕྱིར་འབུད་བྱས་པ་སོགས་རྐྱེན་ངན་མང་པོ་འཕྲད་རུང་ཁོང་གིས་ཕྱི་ནང་གི་འགོག་རྐྱེན་མཐའ་དག་ལ་ཇི་མི་སྙམ་པར་རང་གིས་ཤེལ་ཏོག་བཟོ་བའི་ལས་ཀར་མཐའ་གཅིག་ཏུ་བརྩོན་པས་མཐར་ཤེལ་ཏོག་བཟོ་ཐུབ་པ་བྱུང་ན་འགྲོ་བ་མིའི་རིགས་ལ་བསུབ་ཏུ་མེད་པའི་བྱས་རྗེས་བཞག་པ་རེད། དེས་ན་དེང་གི་ཆར་ཡང་འཛམ་གླིང་གི་མི་སྣ་མང་པོས་མུ་མཐུད་ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་ཁོང་གི་བྱས་རྗེས་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད་པ་སོགས་ཀྱི་སློབ་གསོ་བཏང་ན་སློབ་མ་མི་ཉུང་བར་སློབ་སྦྱོང་བྱེད་སེམས་དང་སེམས་ཤུགས་སྐྱེ་སྲིད་སྙམ།
བཞི་པ། འོས་ཤིང་འཚམ་པའི་སྦྱོང་གཞི་བཀོད་སྒྲིག་བྱེད་དགོས།
དུས་ཚོད་ནི་ཚེ་སྲོག་དང་དུས་ཚོད་ནི་ཡོད་ཚད་རེད་ཅེས་གསུངས་པ་ལྟར་དུས་ཚོད་ལ་གཙེགས་ཆེན་དང་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱེད་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནད་དོན་ཞིག་རེད། དེར་བརྟེན་དུས་ཚོད་ཀྱི་རིན་ཐང་རྟོགས་པའི་སྐྱེ་བོས་དུས་ཚོད་ཀྱི་གོམ་བགྲོས་དང་བསྟུན་ནས་བདེ་སྐྱིད་ཀྱི་རྩ་བ་རྙེད་པར་བྱེད་པ་དང་། རིན་བྲལ་གྱི་ནོར་བུ་ལེན་པར་བྱེད། དུས་ཚོད་ཀྱི་རིན་ཐང་མི་ཤེས་པའི་བླུན་པོས་དུས་ཚོད་སྣང་མེད་བཏང་སྟེ་འཕྲོ་བརླགས་གཏོང་གིན་ཡོད། དེས་ན་ད་ལྟ་འཚར་ལོངས་ཡོང་བཞིན་པའི་ཕྲུ་གུའི་ངོས་ནས་གླེང་ན། དུས་ཚོད་ནི་ཁོ་ཚོའི་མ་འོངས་པར་ཁ་ལོ་གཅུན་མཁན་གྱི་བྱེད་པོ་ཞིག་ཡིན་པས་ང་ཚོས་ཕྲུ་གུར་རང་སྦྱོང་བྱེད་དུ་འཇུག་སྐབས་དུས་ཚོད་རིང་ཐུང་བཀོད་སྒྲིག་གང་ལེགས་གནང་ནས་ཕྲུ་གུ་སློབ་སྦྱོང་བྱེད་རྒྱུར་ཡིད་ཐང་ཆད་དུ་འཇུག་རྒྱུ་མེད། ལྷག་དོན་དུ་ཁོ་ཚོའི་སེམས་ཤུགས་གཙོ་བོ་སློབ་སྦྱོང་ཐོག་བཞག་དགོས་པ་ལས་བརྙན་འཕྲིན་སོགས་ལ་མགོ་འཁོར་ནས་སྡོད་རྒྱུ་མེད་པའི་སློབ་གསོ་རྒྱག་དགོས། སྦྱོང་ཚན་ལེགས་སྒྲུབ་ཟིན་རྗེས་ཀྱང་ཁོ་ཚོར་རང་ཉིད་ཀྱི་དགའ་བའི་བྱེད་སྒོ་ཁག་ཏུ་ཞུགས་པ་དང་སློབ་སྦྱོང་བྱ་རྒྱུར་ཕན་པའི་ལེ་ཚན་འོས་འཚམ་བལྟ་རུ་འཇུག་དགོས། ལྷག་པར་དུ་གུང་གསེང་གི་སྐབས་སུ་བྱེད་སྒོ་དེ་རིགས་གང་ཙམ་སྤེལ་ཐབས་བྱེད་དགོས། དེ་ལྟར་བྱེད་ཐུབ་ན་ཕྲུ་གུའི་སློབ་སྦྱོང་གི་དུས་ཚོད་དང་འཚོ་བའི་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱེད་ཐུབ་པ་མ་ཟད་བརྙན་འཕྲིན་ལེ་ཚན་བརྒྱུད་ནས་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་ཕྱིན་ནས་ཕྲུ་གུའི་སློབ་སྦྱོང་དང་བསམ་བློ་ཀུན་སྤྱོད་སོགས་ལའང་ཕན་པ་ཆེན་པོ་ཡོད། འོན་ཀྱང་དེ་ལས་ལྡོག་ཏེ་སློབ་མའི་ནུས་ཚད་ལས་འགལ་ཏེ་སློབ་སྦྱོང་བྱེད་དུ་འཇུག་པ་དང་དུས་ཚོད་མའི་ནུས་ཚད་ལས་འགལ་ཏེ་སློབ་སྦྱོང་བྱེད་དུ་འཇུག་པ་དང་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱེད་མ་ཐུབ་ཚེ་དགེ་སློབ་ཚང་མའི་རེ་བ་མི་འགྲུབ་པ་མ་ཟད་སློབ་མའི་ཧུར་བརྩོན་རང་བཞིན་ལའང་གནོད་སྐྱོན་ཚབས་ཆེན་ཡོང་བ་སྨོས་ཅི་དགོས། དེར་བརྟེན་ང་ཚོས་རང་ནུས་ཡོད་རྒུས་གཅིག་ནས་སློབ་མའི་བསམ་ཕྱོགས་དང་བསྟུན་གང་ཐུབ་བྱེད་དགོས་ལ་གཉིས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོའི་བསམ་ཕྱོགས་དང་མཐུན་པའི་སློབ་གསོ་རྒྱག་པ་དང་། དེ་བཞིན་ཁོ་ཚོའི་སློབ་སྦྱོང་དང་། རྩེད་མོ། ལྟད་མོ། དཔེ་དེབ་སོགས་ཕྲུ་གུ་རྣམས་དགའ་མོས་ཡོད་པའི་བྱེད་སྒོར་དུས་ཚོད་བཀོད་སྒྲིག་འོས་འཚམ་བྱས་ཏེ་ཕྲུ་གུའི་བློ་གྲོས་དང་རིག་པ་སྐྱེད་བསྲིང་དང་ལུས་སེམས་ལ་ངལ་གསོ་གང་ལེགས་ཐེབས་ཐུབ་པ་བྱེད་དགོས། དེ་ལྟར་དུས་ཚོད་བཀོད་སྒྲིག་དང་ཚོད་འཛིན་གྱི་གོམ་བགྲོད་བརྒྱུད་དེ་རིམ་བཞིན་ཕྲུ་གུའི་དྭངས་གཙང་གི་བློ་སྦུག་ཏུ་འགྱུར་མེད་གཏན་འཇགས་ཀྱི་གོམས་གཤིས་བཟང་པོ་འཇགས་པ་བྱེད་དགོས།གོང་དུ་ཁོ་མོས་སློབ་ཆུང་སློབ་མའི་སློབ་སྦྱོང་བྱེད་སེམས་སྐྱེད་བསྲིང་བྱེད་ཐབས་སྐོར་ལ་རང་གི་ལྟ་ཚུལ་རེ་གཉིས་གླེང་ཁུལ་གྱིས་དོན་གྱི་སྙིང་པོར་འདྲིལ་ན་ང་ཚོ་ཚང་མས་སློབ་མའི་སློབ་སྦྱོང་བྱེད་སེམས་ཤུགས་ཆེར་གཏོང་གང་ཐུབ་བྱས་ནས་བོད་ཀྱི་སློབ་གསོའི་བྱ་བཞག་དབྱར་མཚོ་རྒྱས་པ་ལྟར་ཡར་རྒྱས་འགྲོ་བའི་རེ་འདུན་སྙིང་དབུས་ནས་བཅངས་པ་དེ་ཡིན།

སློབ་ཆུང་སློབ་མ་རྣམས་ལ་ལུགས་དང་མཐུན་པའི་སློབ་གསོ་གཏོང་དགོས།

སྤེལ་དུས། 2010-09-10   ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།    རྩོམ་པ་པོ།  རྡེའུ་དཀར་ནག་གིས་བསྒྲིགས།

ལོ་རྒན་དྲུག་ཅུར་ཡང་གཅུན་མཁན་དགོས་ཞེས་པའི་དཔེ་ལྟར་མི་ལ་སྐྱོན་མེད་པ་དང་ཤིང་ལ་འཛེར་པ་མེད་པ་ཞིག་ཡོང་མི་སྲིད་པས་སྐབས་འཕྲལ་དང་དུས་ཐོག་གི་སྐྱོན་སེལ་སློབ་གསོ་མྱོང་ཐུབ་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། ལྷག་པར་དུ་སྤྱི་ཚོགས་ཐོག་སླེབས་ནས་ལོ་ཤས་ལས་མ་སོང་བའི་སློབ་ཆུང་སློབ་མ་ཞིག་ངོས་ནས་བརྗོད་ན་བྱ་དངོས་ཐམས་ཅད་གསར་པ་དང་ཁྱད་མཚར་ཅན་ཁོ་ནར་མངོན་པས་ཡོད་ཚད་ལ་ལག་པས་རེག་གང་ཐུབ་པ་དང་མིག་གིས་བལྟ་གང་ཐུབ། ལད་མོ་བྱེད་གང་ཐུབ་བྱེད་པ་ལས་དེ་དག་གིས་ལེགས་ཉེས་དང་། བླང་དོར་གྱི་ཆ་ལ་ཤིན་ཏུ་རྨོངས་པས་ཕྲུ་གུས་བྱས་པའི་བྱས་ཉེས་མང་པོ་ཡོད་པ་ང་ཚོས་མི་་མཐོང་ལག་ཟིན་ཡིན། དེ་བཞིན་དུ་ཕ་མས་ཕྲུ་གུ་སློབ་གྲྭར་བསྐྱལ་ནའང་ཕྲུ་གུས་སློབ་སྦྱོང་བྱེད་པ་ནི་གང་གི་ཆེད་དུ་ཡིན་པ་མི་ཤེས་ལ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ཡང་མི་ཤེས་པས་ཕྲུ་གུ་མང་པོ་སློབ་གྲྭའི་སློབ་སྦྱོང་གི་འཚོ་བ་ལས་ཕྱི་ཡི་རྩེད་མོ་སྐྱིད་སྣང་དོད་པ་དང་དོན་སྙིང་ལྡན་པ་ཡོད་པའི་སྣང་བ་སྐྱེ་གི་ཡོད་པ་རེད། དེས་ན་ཕྲུ་གུར་ཡང་དག་ལུགས་མཐུན་གྱི་སློབ་གསོ་གཏོང་དགོས་པ་ནི་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡིན་པ་རེད། དེ་ཡང་ཐོག་མར་ཕྲུ་གུ་སློབ་གྲྭར་སླེབས་པ་ནས་བཟུང་སློབ་སྦྱོང་ལ་དགའ་ཞེན་དང་། དགེ་རྒན་ལ་གུས་ཞབས། སློབ་གྲོགས་དབར་ལ་མཐུན་སྒྲིལ། སྤྱི་རྫས་ལ་བདག་གཅེས། མི་བཟང་ལས་བཟང་གང་མང་བྱེད་དགོས་པའི་སློབ་གསོ་གཏོང་དགོས་ལ་གཟའ་འཁོར་རེ་རེའམ་དུས་མཚམས་རེ་རེར་ཕུལ་བྱུང་གི་སློབ་ཕྲུག་གམ་སྔོན་ཐོན་གྱི་ཚོགས་ཆུང་བདམས་ནས་དུས་ཐོག་ཏུ་གཟེངས་བསྟོན་བྱེད་དགོས་པ་མ་ཟད་མུ་མཐུད་རྒྱུན་འཁྱོངས་དང་ཡར་རྒྱས་གོང་འཕེལ་གཏོང་དགོས་པའི་སྐུལ་ལྕག་བྱེད་དགོས།

བརྒྱུད་སྐུལ།

མཆན་སྤེལ།